གུ་རུ་དོན་གྲུབ་ཀྱི་སྙན་དེབ་གསར་པ《སྙན་ངག་གི་མགོ་སྦྲ་གྲུ་བཞི》།
གུ་རུ་དོན་གྲུབ་ཀྱིས་བརྩམས་པའི་སྙན་དེབ་གསར་པ《སྙན་ངག་གི་མགོ་སྦྲ་གྲུ་བཞི》ཞེས་པ་དེ་དེང་རབས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
མཇུག་བྱང་།
བདག་གིས་སྙན་ངག་ཐར་ཐོར་རེ་དུས་དེབ་དང་ཚགས་ཤོག་ངོས་སུ་བཀོད་པ་ནས་བཟུང་། ངའི་ཉེ་འགྲམ་ན། ནམ་རྒྱུན་ངའི་དཔེ་སྒྲོམ་སྟེང་དུ་དཔེ་ཆ་དང་དུས་དེབ་གསར་བ་རེ་ཨེ་མཐོང་ལྟ་ཞིང་། མཐོང་མ་ཐག་མྱུར་དུ་བླངས་ཏེ་ནང་དུ་ངའི་རྩོམ་ཡིག་ཡོད་མེད་ལ་ལྟ་མཁན་གྱི་ཀློག་པ་པོ་རྣལ་མ་ཞིག་ཡོད།
ཁོང་ནི་ཡིག་རྩ་ཞན་པའི་བདག་གི་དྲིན་ཆེན་ཕ་ལོ་སྟེ། ཁོས་རྩོམ་གྱི་ནང་དོན་ཅི་ཡང་མི་གོ་ནའང་། དུས་དེབ་སྟེང་ཕུད་པའི་བདག་གི་རྩོམ་ཡིག་ཅིག་མཐོང་མ་ཐག འཛུམ་མདངས་ལྷུག་ལྷུག་གིས་རྩོམ་གྱི་ཁ་བྱང་དང་ངའི་མིང་གཉིས་ཀ་གསལ་གསལ་དག་དག་གིས་འདོན་པ་དང་། དེ་ནས་དཔེ་དེབ་དེ་ཡར་སློག་མར་སློག་ལན་འགར་བྱས་རྗེས་སེམས་ཆུང་ངང་ཕྱིར་དཔེ་སྒྲོམ་སྟེང་དུ་འཇོག་པ་ཡིན། དེ་ནི་ཐེངས་གཅིག་མིན་པར་ནམ་རྒྱུན་གྱི་སྣང་ཚུལ་ཞིག་ཡིན་པས། ངས་ཀྱང་རང་གི་རྩོམ་ཡིག་ཅིག་དུས་དེབ་ཀྱི་སྟེང་དུ་བཀོད་རྗེས་ཐད་ཀར་ཁོང་གི་ལག་ཏུ་གཏད་དེ་བལྟ་རུ་བཅུག་པ་ཡིན། མཐའ་མར་དེ་ནི་གོམས་སྲོལ་ལྟ་བུ་ཞིག་ཏུ་ཆགས་པར་གྱུར།
ང་རང་སྙན་ངག་གི་ལམ་ཁར་ཞུགས་པ་ནས་བཟུང་། ནམ་རྒྱུན་ངའི་གམ་ན། ངའི་སྙན་ངག་རེ་རེ་གཟབ་ནན་གྱིས་ཀློག་ཅིང་སྐབས་རེར་ཡག་མིན་གྱི་ལྟ་ཚུལ་ཐན་ཐུན་རེའང་བརྗོད་པར་བྱེད་པ་དང་། དུས་རྒྱུན་དུ་བདག་གིས་བྲིས་པའི་སྙན་ངག་རེ་རེ་ཞིབ་ཚགས་ཀྱིས་བསྡུ་སོགས་རྒྱག་ཅིང་། ཐ་ན་བདག་གིས་བྲིས་ཡོད་པའི་ཤོག་ལྷེ་ལག་མཐིལ་ཙམ་ཡིན་ཡང་གཟབ་ནན་གྱིས་སྒྲུག་སྟེ་ཉར་ཚགས་བྱེད་མཁན་ཞིག་ཡོད། དེ་ནི་བདག་གི་བཟའ་ཟླའོ། །
བདག་གི་ཕ་ལོ་དང་བཟའ་ཟླ་གཉིས་ནི་ང་སྙན་ངག་ལ་འཇུག་པར་སྐུལ་བའི་སྒུལ་ཤུགས་ཆེས་ཆེ་བ་གཉིས་ཡིན། དེ་བས་ཁོང་གཉིས་གཙོར་བྱས་ཁོང་གཉིས་ནང་བཞིན་ནམ་ཡང་བདག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རེ་བ་རྒྱག་མཁན་དང་གསོན་ཤུགས་སྟེར་མཁན་གྱི་དྲིན་ཆེན་མ་ལོ་དང་ཕུ་ནུ་མིང་སྲིང་། ཤ་ཉེ་སྤུན་མཆེད། དགེ་རྒན་དང་སློབ་མ། མི་རབས་གསུམ་པའི་ཚོགས་པ་དང་ཚོགས་མི་རྣམ་པ། གྲོགས་པོ་དང་ན་ཟླ། རྩོམ་གྲོགས་དང་ཀློག་པ་པོ་ཀུན་ལ་བཀའ་དྲིན་མི་ཆུང་བ་ཞུ།
ད་དུང་བདག་གི་དེབ་འདི་ཐོག་མར་སྐྱ་དེབ་ཀྱི་རྣམ་པར་སྒྲིག་བཟོ་གནང་མཁན་གྱི་རྩོམ་གྲོགས་ས་དཀྱིལ་ཚེ་བཀྲ་ལགས་དང་། དེབ་འདིའི་མགོ་ནས་མཇུག་བར་ལན་དུ་མར་ཞུ་དག་གནང་མཁན་གྱི་གྲྭ་བཙུན་ཨ་ཁུ་དགེ་འདུན་རྒྱལ་མཚན་ལགས་དང་གྲོགས་པོ་དམ་པ་ཚེ་གཟུངས་ཐར་ལགས་རྣམ་གཉིས་ལའང་བཀའ་དྲིན་མི་ཆུང་བ་ཞུ།
མདོར་ན་ཁྱེད་ཅག་ཡོད་པས་བདག་གི་སྙན་ངག་དང་འཚོ་བ་ཡོད་པར་གྱུར་ལ། ཁྱེད་ཅག་ཡོད་པས་བདག་ལ་འདི་ལྟ་བུའི་གསོན་ཤུགས་དང་ཡིད་ཆེས་ཡོད་པར་གྱུར་བ་རེད།
མཇུག་མཐར་སྙན་དེབ་འདི་ནི་བདག་གི་དྲིན་ཆེན་ཕ་ལོ་སྐུ་ན་བརྒྱད་ཅུར་སོན་པའི་ལེགས་སྐྱེས་སུ་ཕུལ་བ་ཡིན་ལ། དྲིན་ཕ་མ་གཉིས་ཀྱི་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་གྱི་ཚབ་ཏུའང་ཕུལ་བའོ།།