logo

《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2019-09-30 ཀློག་གྲངས།:


ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

     《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་ནི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཐུང་འབྲིང་ཕྱོགས་བསྒྲིགས《ཝ་ནག་ལུང་བ》དང་། བཀྲ་བྷའི་སྒྲུང་འབྲིང་ཕྱོགས་བསྒྲིགས《རླུང》།  དམིགས་བུའི་སྒྲུང་ཐུང་ཕྱོགས་བསྒྲིགས《ཕྱིང་ལྭ་དཀར་པོ》།  ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས《ཨ་ཕ་ཆང》།  གངས་སྨྱོན་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས《མཁར་གྲོང་གི་རྨི་ལམ་སྐྱ་བོ》།  མེལ་ཚེའི་སྒྲུང་ཐུང་ཕྱོགས་བསྒྲིགས《མཁའ་འགྲོ་མའི་ཐང་ཆུ》།  གཅན་མེ་སྟག་གི་ལྷུག་རྩོམ་ཕྱོགས་བསྒྲིགས《བུ་མོ་གཡུ་ཆུང་ཟླ་བ》བཅས་དཔེ་དེབ་བདུན་གྱིས་གྲུབ་ཡོད། 2016ལོར《གཡུ་དྲུག་དཀར་དཔེ་ཚོགས》ཁག་དང་པོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་ཡིན་ལ། དེའི་ནང་དུ《འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས》དང་། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 《སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》 《ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》 《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》 《ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》བཅས་དཔེ་དེབ་དྲུག་བསྡུས་ཡོད་དོ། །

     《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”གལ་ཆེའི་པར་སྐྲུན་འཆར་འགོད་ལས་གཞི་དང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་དངུལ་རོགས་སྐྱོར་ལས་གཞིའི་གྲས་སུ་བཞག་ནས་པར་སྐྲུན་བྱས་པ་ཡིན་ནོ། །

     དེབ་འདིར་རྩོམ་པ་པོས་ཉེ་བའི་ལོ་འགའི་ནང་གསར་རྩོམ་བྱས་པའི《ཝ་ནག་ལུང་བ》དང《པ་པ་པའོ་མ》སོགས་སྒྲུང་གཏམ་ཐུང་འབྲིང་བདུན་བདམས་ཡོད་ལ། ད་ལྟའི་སྐྱེ་ཁམས་ཁོར་ཡུག་བཙོག་འགྱུར་དང་། འབྲོག་པའི་བསམ་བློའི་འགྱུར་ལྡོག་སོགས་སྙན་འཇེབས་ལྡན་པའི་ཚིག་སྦྱོར་དང་ངུ་མ་དགོད་ཀྱི་ཟུར་ཟ། འགྱུར་བག་མང་བའི་མཚོན་ཐབས་ཀྱིས་བྲིས་ཡོད། བརྩམས་ཆོས་མང་ཤོས་ཡིག་རིགས་དུ་མར་བསྒྱུར་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོའི་དགའ་བསུ་དང་དཔྱད་བརྗོད་སྡེའི་དོ་སྣང་བླ་ལྷག་འཐོབ་བཞིན་ཡོད།

     སྒྲུང་འབྲིང་ཕྱོགས་བསྒྲིགས《རླུང》ནི《ནས》དང་།《གྱོད》《རླུང》བཅས་བརྩམས་ཆོས་གསུམ་གྱིས་གྲུབ་ཡོད་ལ།  སྒྲུང་འབྲིང་འདི་གསུམ་གའི་བརྗོད་བྱ་ནི་ཅི་ཞིག་ཡིན་པ་དང་།    སྒྱུ་རྩལ་ཁྱད་ཆོས་ནི་ག་འདྲ་ལྡན་ནམ།

     སྒྲུང་གཏམ་ལ་རིག་གནས་ཀྱིས་ཁ་དོག་སྦྱར་དགོས་པ་མ་ཟད།  སྒྲུང་གཏམ་གང་ཞིག་ས་གནས་དང་མི་རིགས་གང་ལ་གཏོགས་པའང་རིག་གནས་ཀྱིས་གཏན་ལ་འབེབས་དགོས་འདུག     སྒྲུང་འབྲིང《ནས》ནི་རིག་གནས་སྒྲུང་གཏམ་ཞིག་ཡིན་པའི་ཆ་ནས།     《གེ་སར་རྒྱལ་པོའི་སྒྲུང》 ལས་བྱུང་བའི་ཤེས་རབ་སྟོན་པའི་རིག་གནས་དང་།    བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ་གཏོགས་ལ་གཏེར་སྟོན་གྱི་རིག་གནས།     དུས་རབས་གསར་བའི་བོད་རིགས་ཀྱི་འབྲོག་ལས་རིག་གནས་རྣམས་གཞི་གཅིག་བསྡེབས་ནས་བརྩམས་པ་ན།    རིག་གནས་དེ་དག་གིས་སྒྲུང་གཏམ་ལ་ཚོན་མདངས་ག་འདྲ་སྦྱར་ཡོད་དམ།     ཚུལ་དེ་རྟོགས་པར་འདོད་ན《ནས》ལ་ཞིབ་ཏུ་གཟིགས་པར་འཚལ།

     《བྱ་སྤྲེལ་གཏམ་རྒྱུད》ནི་བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་སྐད་གྲགས་ཅན་ཞིག་ཡིན་པ་དང་།    《གྱོད》ནི《བྱ་སྤྲེལ་གཏམ་རྒྱུད》ཀྱི་བརྗོད་བྱ་གཞིར་བཟུང་ནས་བརྩམས་པ་ན།    དེ་ལ་དེང་རབས་ཀྱི《བྱ་སྤྲེལ་གཏམ་རྒྱུད》དམ《བྱ་སྤྲེལ་གཏམ་རྒྱུད་གསར་མ》ཞེས་བཏགས་ཀྱང་མི་རུང་བ་མེད་དོ།   །འོ་ན་བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་དང་དེང་རབས་སྒྲུང་གཏམ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེ་ན།    《བྱ་སྤྲེལ་གཏམ་རྒྱུད》དང《གྱོད》གཉིས་ཀ་ཀློག་པར་མཛོད་དང་།    གནད་དེ་ཡོངས་སུ་རྟོགས་པར་འགྱུར་རོ། །

     སློབ་འབྲིང་ལ་ཞུགས་པའི་སློབ་མ་རྣམས་ལ་ཆ་མཚོན་ན།    བསླབ་ལ་བརྩོན་པའི་དམིགས་ཡུལ་ནི་སློབ་གྲྭ་ཆེན་མོ་ཡིན་མོད།    འོན་ཏེ་མི་ཚེའི་འདུན་མ་དེ་མངོན་པར་གྱུར་ནས་སློབ་གྲྭ་ཆེན་མོར་ཞུགས་པའི་གཞོན་ནུ་ཕོ་མོ་རྣམས་ཀྱི་འཚོ་བ་རོལ་ལུགས་དང་།   ཐོས་པ་འཚོལ་ལུགས།     དགའ་རོགས་སྒྲིག་ལུགས་ནི་ག་འདྲ་ཞིག་ཡིན་ནམ།     ལྷན་རྒྱས་ཀྱིས་ཚུལ་དེ་རྟོགས་པར་འདོད་ན《རླུང》ལ་གཟིགས་པར་འཚལ། 

     《ཕྱིང་ལྭ་དཀར་པོ》ཞེས་པའི་དེབ་འདིར་རྩོམ་པ་པོས་མི་ལོ་ཉི་ཤུའི་རིང་ལ་བྲིས་པའི་སྒྲུང་གཏམ་བཅུ་ཙམ་ཕྱོགས་བསྡུས་བྱས་ཡོད་ལ། རྩོམ་གྱི་བརྗོད་བྱ་ནི་རྩོམ་པ་པོ་ཁོ་རང་ཆེས་རྒྱུས་མངའ་ཡོད་པའི་ཨ་མདོའི་བྱང་རྒྱུད་ཀྱི་འབྲོག་པའི་འཚོ་བ་ཡིན་ཞིང་། རྩོམ་པ་པོས་ཡུལ་མི་རྣམས་ཀྱི་སྐྱིད་སྡུག་གི་འཚོ་བའི་བརྙན་རིས་སྒྲུང་གཏམ་གྱི་རྣམ་པར་བྲིས་པ་ཞིག་ཡིན།

     ལོ་ངོ་དུ་མའི་སྔ་རོལ་ཏུ།  ཨ་ཕ་ཆང་ཞེས་པ་ནི་སྒྲུང་གཏམ་ཐུང་ངུ་ཞིག་གི་མིང་ཡིན་ལ།  དེ་ནས་ལོ་ངོ་ཁ་ཤས་ཤིག་སོང་རྟིང་།  ཨ་ཕ་ཆང་ཞེས་པ་ནི་རིམ་བཞིན་གྲོགས་གློ་བ་གཅུགས་པ་རེ་ཟུང་གིས་ཁོ་བོར་སྙད་རྐོ་བྱེད་དུ་བཏགས་པའི་གཅེས་མིང་ལྟ་བུའི་མཚང་མིང་ཞིག་ཏུ་གྱུར།  འོན་ཏེ།  ད་ནི་ཨ་ཕ་ཆང་ཞེས་པའི་ཡིག་འབྲུ་འདི་དག་གཞི་ནས་དཔེ་དེབ་ཅིག་གི་མིང་དུ་གདགས་དགོས་པའི་དུས་ལ་བབས་པ་ན།  ངས་ད་གཟོད་ཡིག་འབྲུ་འདི་དག་རང་ཉིད་ཀྱི་སེམས་ཁྲལ་ཞིག་ཏུ་གྱུར་འདུག་པ་གཞི་ནས་ཚོར། 

     ངའི་སེམས་ཁྲལ་དུ་གྱུར་པ་ནི་ཏག་ཏག་ཡིག་འབྲུ་འདི་གསུམ་ག་ཙམ་ཡང་ག་ལ་ཡིན་ཏེ།  ད་དུང《ཨ་ཕ་ཆང》ཞེས་པའི་སྒྲུང་དེབ་འདིར་ཚུད་པའི་ཡིག་ཚོགས་ཀྱི་ཕུང་བོ་གཏོས་ཆེ་བ་འདིའང་ཡིན་གཤིས།  གློ་བུར་དུ་གང་ལའང་གདེང་རྙེད་དཀའ་བའི་སེམས་ཁྲལ་ཞིག་ངང་གིས་སྐྱེས་ཡོང་།  ཡང་གཅིག་བཤད་ན་སེམས་ཁྲེལ་འདི་ནི་ཡིག་འབྲུ་འདི་དག་ལ་ནན་ཏན་བྱེད་སྟངས་ཤིག་དང་།  ཡིག་འབྲུ་འདི་དག་ནང་ནོམ་དུ་སྲི་སྟངས་ཤིག་ཀྱང་ཅི་ནས་ཡིན་པ་འདྲ་ཨང་།  གང་ལྟར།  སྤྱི་ལོ2012ལོ་ནས2018ལོའི་བར་ཏེ།  ཁོ་བོ་སྒྲུང་གཏམ་གསར་རྩོམ་ལ་ཞུགས་པ་ནས་ད་ལྟའི་བར་གྱི་བརྩམས་ཆོས་ཕལ་མོ་ཆེ་ད་རེའི་སྒྲུང་དེབ་འདིར་བསྡུས་ཡོད་ལ།  ཁོ་བོས་སྒྲུང་གཏམ་ཞེས་པའི་སྒྱུ་རྩལ་གྱི་རྣམ་གྲངས་བྱེ་བྲག་པ་འདིར་བཟུང་བའི་རྣམ་འགྱུར་དང་ལངས་ཕྱོགས་ངེས་ཅན་ཞིག་ཀྱང་དེབ་ཆུང་འདི་ལས་མངོན་ཡོད། དང་པོའི་དུས་ཀྱི《ཨ་ཕ་ཆང》དང《ཕྱུག་པོ་ཡིན་པའི་དབུལ་བོ》སོགས་ནས་བར་གྱི《སྒོ》དང《ངེད་ཚང་དུ་མགྲོན་ལ་ཕེབས་ཤོག》《གླུ་སྐད་ཅིག་སའི་གོ་ལའི་མཐོ་ས་ནས་འཕུར་འོངས》ཞེས་པ་སོགས་དང་།  ད་དུང་སླད་མའི《གྱང》དང《ནད》《གད་སྙིགས》《ལྷག་མ》《ཟྭ》《བོར་སྟོར་ཞིག》《རྙིང་བ》སོགས་གང་ཡིན་ཡང་།  སྒྲུང་གཏམ་གྱིས་ང་རང་ཁྲིད་ནས་རྒྱུས་མངའ་མེད་པའི་གནས་གང་ཞིག་ཏུ་ཕྱིན་སོང་བ་ཙམ་ལས།  ཁོ་བོས་སྒྲུང་གཏམ་བྲིས་ཏེ་དམིགས་ཡུལ་ག་ལ་བ་ཞིག་ཏུ་སླེབས་སོང་སྙམ་པའི་ཆ་འཇོག་གང་ཡང་མ་རྙེད་མོད།  འོན་ཀྱང་དེབ་འདིར་བྱུང་བའི་བརྩམས་ཆོས་བྱེ་བྲག་པ་རེ་ནི་ཁོ་བོས་དུས་མཚམས་འདིར་ངེས་འདྲོངས་རྙེད་པའི་སྒྲུང་གཏམ་གྱི་ངོས་འཛིན་ཞིག་ཡིན་ཏེ།  རྩོམ་རིག་བརྩམས་ཆོས་ནི་མཐར་གཏུགས་ན་རྩོམ་རིག་གི་ལྟ་བ་ངེས་ཅན་ཞིག་ཀྱང་ཡིན་པས་སོ། །

     གཞན་ཆེད་དུ་ཞུ་རྒྱུ་ལ།  ཐེངས་འདིའི《ཨ་ཕ་ཆང》ཞེས་པའི་སྒྲུང་དེབ་ནི་ཁོ་བོའི་སྒྲུང་གཏམ་དག་གི་ཆེས་ཐོག་མའི་མ་ཕྱི་གཞིར་བྱས་ཐོག  དགོས་ངེས་ཀྱི་ཞུ་དག་དང་སྣོན་འཕྲི་གང་འཚམ་རེའང་ཅི་ལྕོགས་ཀྱིས་གྲུབ་པ་ཞིག་ཡིན་ན།  སྒྲུང་དེབ་འདིར་བྱུང་བའི་བརྡ་ཐ་སྙད་དང་ཚིག་གི་སྦྱོར་བ།  རྩོམ་པའི་ཀུན་སློང་བཅས་ནི་ད་གཟོད་ཁོ་བོའི་གསར་རྩོམ་གྱི་ལངས་ཕྱོགས་འབའ་ཞིག་ཏུ་གཟུང་ཆོག་གོ །

     《མཁར་གྲོང་གི་རྨི་ལམ་སྐྱ་བོ》ཞེས་པའི་སྒྲུང་དེབ་འདིར། རྩོམ་པ་པོས་གཞོན་ནུའི་དུས་ཀྱི་འབྲོག་རུའི་འཚོ་བ་སྟེ། སྲོལ་རྒྱུན་གནས་བབ་འོག་གི་གནས་བབ་དང་འཚོ་སྟངས། ཁ་ཆར་བུ་ཡུག་ཁྲོད་ཀྱི་དཀའ་ཚེགས་དང་བརྩེ་དུངས། རིག་གནས་གསར་རྙིང་བར་གྱི་འགལ་འཐབ་དང་འཕག་འཚག་སོགས་བརྗོད་གཞི་བྱས་ཏེ་སྐྱིད་སྡུག་འདུ་འབྲལ་གྱི་གཏམ་རྒྱུད་འགའ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད་ལ། གཞན་ཡང་དུས་རབས་གོང་མའི་དུས་མཇུག་ཙམ་ནས་བཟུང་བོད་ཀྱི་སློབ་མ་དང་ཤེས་ཡོན་པ། ཚོང་པ་དང་ཞོར་ལས་པ་སྐོར་ཞིག་ཕྱི་རོལ་རྐྱེན་དང་འཚོ་བའི་རླུང་གིས་བདས་སྟབས། རོང་འབྲོག་གི་ཡུལ་ལུང་འགོལ་བོ་དག་ནས་རང་དབང་མེད་པར་འུར་ཟིང་ཆེ་བའི་གྲོང་ཁྱེར་ནང་ཞུགས་ཏེ། སོ་སོའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལས་དབང་གར་དུ་འཁྲབ་ཚུལ་བྲིས་ཡོད།

     《མཁའ་འགྲོ་མའི་ཐང་ཆུ》ཞེས་པའི་དེབ་ཆུང་འདི་ནི་སྒྲུང་ཐུང་བསྡུས་དེབ་ཅིག་གི་གཟུགས་སུ་གྲུབ་པར་བྱས་ཡོད་ལ། འདིའི་ནང་གི་གཏམ་རྒྱུད་རྣམས་ཀྱིས་འཚོ་བ་ཕལ་བའི་ནང་གི་ཆེས་ཆུང་ཞིང་བརྗོད་རིན་མེད་པའི་མི་སེམས་ཀྱི་བདེ་སྡུག་འབའ་ཞིག་བརྗོད་བྱར་བཟུང་ཐོག  ཆེས་དཀྱུས་མའི་ཚིག་གི་སྦྱོར་བ་དང་འཚོ་བའི་བདེན་པར་གཞོལ་བའི་ཐབས་འཕྲུལ་རིགས་ཤིག་ལ་བརྟེན་ནས་བརྩམས་ཆོས་རེ་གྲུབ་པར་བྱས་ཡོད་པ་ལ། དུངས་བརྗོད་སྦྲང་རྩི་མངར་མོའི་སྤུད་པ་དང་ཆེ་བརྗོད་ལོ་རབས་ཕྲེང་བའི་སྤྲོས་པ། ཤུགས་བརྗོད་སྦས་དོན་ཟབ་མོའི་གབ་པ་སོགས་ཀྱི་ཡོན་ཏན་དང་རིང་དུ་བྲལ་བས་ན། ཀློག་མཁན་ཀུན་གྱི“བསམ་པའི་རྒྱགས་ཕྱེ ”ལྟ་བུར་འགྱུར་རེའི་ཧམ་སེམས་ཀྱིས་ཡོངས་སུ་བཏང་ཡོད་ཀྱང་། མེ་ཏོག་ཆུང་རུང་མཆོད་རྫས་ཟེར་བ་ནང་བཞིན། གླེང་རིན་ཁྱོན་ནས་མེད་པ་ལྟ་བུའི་སྒྲུང་ནང་གི་མི་སྣ་དེ་དག་གི་དགའ་སྐྱོ་ཆགས་སྡང་གིས་ཁྱོད་ལ་ཆུང་ཆུང་གི“སྙིང་རྗེ”སྤུ་རྩེ་གཡོ་བ་ལྟ་བུ་རེ་སློང་ཐུབ་ཀྱི་རེ་བ་ལའམ་སྒེར་སེམས་ཤིག་བཅངས་ཡོད་པས། ཀུན་གྱིས་སློབ་སྟོན་དང་བསླབ་བྱའི་བྲག་ཅ་ཚུར་འཁོར་ལ་ལྷག་བསམ་ཟོལ་མེད་ཀྱིས་རྣ་བ་གཏད་ཡོད་དོ། །

     《བུ་མོ་གཡུ་ཆུང་ཟླ་བ》ཞེས་པའི་དེབ་འདི་སྡེ་ཚན་ལྔ་ཡིས་གྲུབ་ཅིང་། དེའི་ནང་དུ་བོད་ཁམས་ཀྱི་མིའི་ཡུལ་སྲོལ་གོམས་གཤིས་དང་གཏམ་རྒྱུད་ཀྱིས་རྨང་བཏིང་སྟེ་འཇིག་རྟེན་བདེན་ལུགས་ཀྱི་ངོ་བོ་དམར་རྗེན་དུ་མངོན་པར་བྱས་ལ། ཆུང་ཕྱོགས་ནས་རང་གི་བུ་མོར་བཅངས་པའི་བརྩེ་སེམས་གཞིར་བྱས་ཐོག་མིའི་གཉུག་གཤིས་ཁྲོད་ཀྱིི་བྱམས་བརྩེ་དང་ཀུན་སྤྱོད་ཀྱི་བདེན་པ་གསལ་བོར་བསྟན་ཡོད། ཁོང་གི་ལྷུག་རྩོམ་བརྩམས་ཆོས་ཀྱི་བྱུང་རིམ་ལ་འགྱུར་ལྡོག་ཆེ་ཞིང་། སྐུལ་སློང་དང་ཡར་བསྐྱེད་ཀྱི་བསམ་བློ་ལྡན་པས་དེང་རབས་ན་གཞོན་པའི་ཁྲོད་དུ་རྒྱུན་མཐུད་ཀྱི་ཤུགས་རྐྱེན་ལྡོག་མེད་དུ་མཚོན།

 


འབྲེལ་ཡོད་འོས་སྦྱོར།