logo

གཤོག་པས་བསྒྱུར་བའི་འགྱུར་དེབ་གསར་པ《མ་ཡུན་གྱི་ཁ་ལྕེ》།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-09-24 ཀློག་གྲངས།:

    《མ་ཡུན་གྱི་ཁ་ལྕེ》ཞེས་པའི་དེབ་ཆུང་འདི་ནི་ཁོང་གི་རྒྱ་སྐད་དང་དབྱིན་སྐད་ཐོག་ཡོད་པའི་གཏམ་བཤད་གྲངས་ལས་འདས་པ་ཞིག་གི་ཁྲོད་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཤུགས་རྐྱེན་ཐེབས་མྱོང་བའི་རྨད་བྱུང་ལེགས་བཤད་དག་གདམ་སྒྱུར་བྱས་པ་ཞིག་ཡིན་ལ། སྒྱུར་མཁན་གྱི་ངོས་ནས་ཁོང་གི་གཏམ་བཤད་རེ་རེ་མ་མཐའ་ཡང་ཐེངས་བཅུ་ཙམ་རེར་ལྟ་ཉན་བྱེད་མྱོང་ཞིང་། དེ་ཡང་དཔེ་དེབ་ཅིག་བསྒྱུར་བའི་ཆེད་དུ་མ་ཡིན་པར་ཁོང་གི་སྐད་ཆའི་སྒྱུ་རྩལ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་ཚུལ་བཅས་ཀྱིས་ཡིད་སེམས་དབང་མེད་དུ་ཕྲོགས་པས་ཡིན། 

    ལེགས་བཤད་བརྩམས་དེབ་འདིའི་བརྗོད་དོན་ཁྱབ་ཁོངས་སུ་མི་ཚེ་དང་འཚོ་བ། ཕུགས་བསམ་དང་རྨི་ལམ། རེ་བ་དང་སྨོན་འདུན། གོ་སྐབས་དང་དུས་ཚོད། རྒྱལ་ཕམ་དང་འགྲན་རྩོད། ཁེ་ལས་དང་ཚོང་གཉེར། ཡིད་ཆེས་དང་གཞུང་དྲང་། རྒྱུ་ནོར་དང་བདེ་སྐྱིད། འབྱུང་འགྱུར་དང་ད་ལྟ་སོགས་མདོར་ན་ང་ཚོའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་བརྗོད་དོན་རྐྱང་རྐྱང་ཡིན་པས། ཁོང་གི་ལེགས་བཤད་བརྩམས་དེབ་འདིས་ཁྱོད་ཀྱི་མི་ཚེའི་གནད་དོན་དང་འཚོ་བའི་དཀའ་ཁག ལམ་གྱི་ངལ་དུབ་སོགས་སེལ་ཐུབ་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད།

རྩོམ་པ་པོ།

     ལེགས་བཤད་བརྩམས་ཆོས་འདིའི་རྩོམ་པ་པོ་ནི་འཛམ་གླིང་ལ་སྐད་གྲགས་ཆེ་བའི་སྐུ་ཞབས་མ་ཡུན་ལགས་ཡིན་ཞིང་། ཤར་ཕྱོགས་པ་ཚོས་ཁོང་གི་རྒྱུ་ནོར་ལ་ཚད་མཐོའི་གདེང་འཇོག་བྱེད་ཅིང་། ནུབ་ཕྱོགས་པ་དག་གིས་ཁོང་གི་ཤེས་རབ་ལ་དམིགས་བསལ་བརྩི་འཇོག་བྱེད་པ་རེད། གང་ལྟར་ཁོང་ནི་མི་ཚེའི་སྐྱིད་སྡུག་གཉིས་ཀ་བརྒྱུད་མྱོང་མཁན་ཞིག་དང་འཛམ་གླིང་ཤར་ནུབ་གཉིས་ཀྱི་སློབ་གསོའི་ཤུགས་རྐྱེན་ཐེབས་མྱོང་མཁན་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་གར་སྟེགས་ཆེ་མ་ཆུང་གསུམ་གང་མང་ནས་རང་གི་ལྟ་ཚུལ་གཏམ་བཤད་དུ་སྤེལ་ཐུབ་མཁན་ཞིག་ཀྱང་རེད། ཁོང་གི་དམིགས་བསལ་གཏམ་བཤད་དང་སྐད་ཆའི་སྒྱུ་རྩལ་ལ་མི་གང་མང་གིས་དགའ་མོས་བྱེད་པར་མ་ཟད། གཏམ་བཤད་དེ་དག་གིས་མི་སེམས་ལ་ཡར་སྐུལ་དང་བག་ཆགས་ངེས་ཅན་འཇོག་མྱོང་བ་རེད། ཁོང་ནི་ཕྱུག་བདག་ཅིག་ཡིན་པ་ལས་ཀྱང་གལ་ཆེ་བ་ཞིག་ནི་བསམ་བློ་བ་དང་གཏམ་བཤད་མཁན། ཤེས་རབ་ཅན་དང་འཇོན་ནུས་ཅན་ཞིག་ཡིན་པ་དེ་རེད།


འབྲེལ་ཡོད་འོས་སྦྱོར།