མགར་ཐར་བཀྲ་ཤིས་ཆོས་ལྡན་ལགས་ཀྱི་དེབ་གསར《རྒྱུད་སྐུད་ཕྲ་མོ》།
《རྒྱུད་སྐུད་ཕྲ་མོ》ཞེས་པའི་དེབ་གསར་འདི་ནི་མགར་ཐར་བཀྲ་ཤིས་ཆོས་ལྡན་གྱིས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཞིག་ཡིན་ལ། ལྷུག་རྩོམ་འབའ་ཞིག་གིས་གྲུབ་པའི་ལེའུ་གསུམ་ཅན་གྱི་བརྩམས་ཆོས་ཤིག་སྟེ། ལེའུ་དང་པོ། མཛེས་སྡུག་གིས་ཕྱུག་པའི་ལྷུག་རྩོམ་སྙན་ངག་འབའ་ཞིག་དང་། ལེའུ་གཉིས་པ། བརྗོད་དོན་མག་མོག་ཏུ་གྱུར་པའི་བསྡུས་བརྗོད་ལྷུག་རྩོམ། ལེའུ་གསུམ་པ། དོན་དངོས་རྗེན་པར་ཤར་བའི་ལོ་རྒྱུས་ལྷུག་རྩོམ་སོགས་ཀྱི་སྐོར་རེད། ལྷུག་རྩོམ་འདི་ཡང་ཡུལ་སྐོར་ལྷུག་རྩོམ། རིག་གནས་ལྷུག་རྩོམ། ལྷུག་རྩོམ་སྙན་ངག ལོ་རྒྱུས་ལྷུག་རྩོམ་སོགས་རྗོད་བྱེད་སྣ་ཚོགས་ཀྱིས་གྲུབ་པའི་ལྷུག་རྩོམ་གྱི་རིགས་ཤ་སྟག་ཡིན་ཞིང་། འདིའི་མཚོན་སྟངས་ནི་དོན་བརྗོད་དང་ཡིད་འགྱུར། དུངས་བརྗོད་སོགས་ལས་ཕལ་ཆེ་བ་ཡིད་འགྱུར་དང་དོན་བརྗོད་མཚོན་པའི་ལྷུག་རྩོམ་དུ་བཏགས་ན་འོས་སོ། །བརྩམས་ཆོས་འདིའི་ཚིག་རྒྱན་དང་བརྗོད་སྙིང་། སྣང་ཚོར་དང་སྒྱུ་རྩལ་བཅས་ལ་བོད་ཀྱི་ཐུན་མིན་གྱི་རྩོམ་གཤིས་དང་འབྲེལ་བའི་དམིགས་བསལ་བའི་ཁྱད་ཆོས་ཐོན་པར་མ་ཟད། ལྷག་ཏུ་ཁོང་ནི་གྲྭ་བཙུན་སྙན་ངག་པ་ཞིག་ལྷུག་རྩོམ་འབྲི་མཁན་ཞིག་ཏུ་གྱུར་པ་ཡིན་པས། ཁོའི་ལྷུག་རྩོམ་དག་ལ་སྙན་ངག་གི་དྲོ་རླབས་བར་མེད་དུ་ལྡང་བར་ཐེ་ཚོམ་མེད།
《རྒྱུད་སྐུད་ཕྲ་མོ》ལས་མཐོང་ཐུབ་པ་ནི་ཕྱི་རོལ་ཡུལ་གྱི་རྣམ་པ་ཙམ་མ་ཡིན་པར། རྩོམ་མཁན་གྱིས་ནང་སེམས་ཀྱི་ཡུལ་ལྗོངས་ཤིག་ང་ཚོའི་མིག་ལམ་དུ་བཀྲམ་ཡོད་ལ། དེ་ཡང་ཟླ་འོད་ཀྱི་ངོགས་སུ་ཁུ་སིམ་མེར་བཞུར་བའི་གཙང་པོའི་ལྷིང་འཇགས་ལྟ་བུ་མ་ཡིན་པར། གློ་བུར་དུ། དཀན་གཟར་གྱི་རི་ངོས་ནས་རྦབ་རྡོ་ཆད་པ་དང་ཐང་ཆེན་པོའི་དཀྱིལ་ནས་རླུང་འཚུབ་ལངས་པ་དང་འདྲ་བར། རྩོམ་པ་པོའི་འཚོ་བའི་མྱོང་ཚོར་ཟབ་མོ་དང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཤུགས་དྲག་མཚོན་པའི་ཟབ་བརླིང་གི་ཐ་སྙད་རེ་རེ་དང་། ཡིག་འབྲུ་ལྗིད་མོ་དག་གིས་ཀློག་པ་པོར་བསྲན་ཐབས་བྲལ་བའི་ན་ཟུག་ཅིག་དང་མཉམ་དུ་སྐུལ་འདེད་ཀྱི་ཚོར་ཤེས་རྣོན་པོ་ཞིག་ཀྱང་སྟེར་བར་བྱེད་ཡོང་བའི་ལྷུག་རྩོམ་ཆེད་དེབ་ཅིག་རེད།
མགར་ཐར་བཀྲ་ཤིས་ཆོས་ལྡན།
ཁོང་ནི1981ལོར་ཁམས་མི་ཉག་མགར་ཐར་ཡུལ་དུ་འཁྲུངས། སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནས་དགེ་བཤེས་ཀྱི་མཚན་གསོལ་ཞིང་། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གདན་ཞུས་རྩོམ་པ་པོ་ཡིན། ད་ལྟ་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་དང་གངས་རྒྱན་ལས་གཉེར་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་བཞུགས། སྔ་རྗེས་སུ་སྙན་ངག་དང་ལྷུག་རྩོམ་མང་པོ《གངས་དཀར་རི་བོ》དང《གངས་རྒྱན་མེ་ཏོག》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དུ་མར་བཀོད། 2009ལོར་སྒེར་དེབ《མེལ་ཚེ》ཞེས་པ་དཔེ་སྐྲུན་བྱས། 2014ལོར་སེར་ཤུལ་དགོན་ནས་དབུ་མ་རབ་འབྱམས་པ་ཨང་དང་པོའི་བྱ་དགའ་ཐོབ། ལོ་དེར《རྣམ་ཐར་དད་པའི་མཛེས་རྒྱན》ཞེས་པ་དཔེ་སྐྲུན་བྱས། 2015ལོར་དཀར་མཛེས་ཚགས་པར་ཁང་གིས་སྤེལ་བའི“བདེ་སྐྱིད་ཀྱི་ཁྱིམ་གཞིས”ཞེས་པའི་རྩོམ་རིག་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་དང་། 2016ལོར《གངས་དཀར་རི་བོའི》ཕུལ་བྱུང་རྩོམ་པ་པོའི་བྱ་དགའ། 2018ལོར་མདོ་ཁམས་འཇང་དགུན་ཆོས་སྐབས་ཚད་མའི་རབ་འབྱམས་པ་ཨང་དང་པོའི་བྱ་དགའ་སོགས་བྱ་དགའ་དུ་མ་ཐོབ། གཞན《མདོ་སྔགས་བརྗེད་བྱང་ཐོར་བུ》ཞེས་པའི་རིག་གཞུང་གི་ཆེད་དེབ་ཅིག་དང《ལོ་མ་སེར་པོ》ཞེས་པའི་སྙན་རྩོམ་ཕྱོགས་བསྒྲིགས་གཉིས་ཀྱང་པར་སྐྲུན་བྱས་ཡོད།