logo

《ཞང་ཞུང་ཤེས་རིག་ཞིབ་འཇུག》དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-10-15 ཀློག་གྲངས།:

     《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་འདིར་འཁོད་པའི་རྩོམ་ཡིག་མང་ཤོས་ནི་དེ་སྔོན་རྩོམ་སྒྲིག་བྱས་པའི་དུས་དེབ་ལས་བདམས་ཤིང་། བརྗོད་བྱ་རྗོད་བྱེད་ཀྱི་ཆ་གང་ཐད་ནས་ཅུང་ལེགས་པའི་རྩོམ་ཡིག་གི་གྲས་སུ་བརྩིས་ཆོག་པས། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་ཞེས་པའི་བྱེད་ཕྱོགས་ལྟར། རྩོམ་པ་པོ་རྣམས་ཀྱིས་དཔྱད་རྩོམ་འབྲི་བའི་སྤུས་ཚད་མཐོར་འདེགས་ཡོང་ཞིང་། རྩོམ་ཡིག་གི་ནང་དོན་ཇེ་ཞིབ་དང་། ལྟ་བ་ཇེ་གསལ་དུ་འགྲོ་ཆེད་དཔེ་སྐྲུན་འགྲེམ་སྤེལ་བྱས་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ཡིན།
     དེབ་འདིར་ཞང་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས་ཞིབ་འཇུག སྲིད་པ་རྒྱུད་ཀྱི་བོན་སྐོར། ཡིག་རྙིང་གསེད་བཀྲོལ། དགོན་སྡེ་བརྟག་དཔྱད། མོ་གཏོ་སྨན་རྩིས། རྩོམ་རིག་སྒྱུ་རྩལ། ཡུལ་སྲོལ་གོམས་གཤིས། ཆོ་ག་ཕྱག་ལེན། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་བཅས་ཚུད་པའི་སྤྱི་ཚོགས་འཆམ་མཐུན་དང་རིག་གཞུང་དར་སྤེལ་བྱ་བར་ཕན་པའི་རྩོམ་ཡིག་ཤ་སྟག་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པའི་ཡིད་ཀྱི་ཞིང་སར་སྦྲང་ཆར་བཞིན་སིམ་སིམ་དུ་བབས་པ་འདིས་ཀྱང་བོད་ཀྱི་ཤེས་རིག་ཞིབ་འཇུག་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་རྒྱུ་རུ་གྱུར་ཅིག་གུ།
     དེང་སྐབས་ཞང་ཞུང་ཤེས་རིག་གི་སྐོར་ལ་སྔར་ལས་ལྷག་པའི་དོ་སྣང་ཚད་མཐོན་པོ་ཞིག་ཏུ་སླེབ་བཞིན་ཡོད་པ་མ་ཟད། བོད་རང་གི་མེས་པོའི་ཤུལ་བཞག་རྩ་ཆེན་དུ་བརྩིས་ཏེ། མདོ་དབུས་མཐོ་སྒང་གི་རྩམ་དྲི་མ་ཡལ་བའི་རིག་གནས་དང་ལོ་རྒྱུས་ཀྱི་ཕྱག་རྒྱུན་མ་ནོར་བར་རྒྱུན་འཛིན་བྱ་འདོད་པས། དེ་ལ་དཔྱད་པའི་སྒོ་ནས་ངེས་ཤེས་གསར་བ་འདྲོངས་པའི་བློ་གསལ་གཞོན་སྐྱེས་མང་པོ་རྒྱུན་མ་ཆད་པར་ཇེ་མང་དུ་སོང་བ་ཕུད། ཉམས་ཞིབ་དང་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཀྱང་ལྟོས་བཅས་ཀྱིས་ཇེ་ལེགས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པས། དེ་ནི་མི་རིགས་རང་གི་ཤེས་རིག་ལོ་རྒྱུས་ལ་དགའ་ཞེན་དང་བརྩི་མཐོང་བྱས་པའི་གནས་ཚུལ་བཟང་པོ་ཞིག་ཏུ་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།