logo

《བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:ཚེ་མཁར་རྒྱལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2018-01-15 ཀློག་གྲངས།:

     སྤྱི་ཟླ1པོའི་ཚེས13ཉིན། མཚོ་སྔོན་ཚོ་ཤོག་གསར་བ་ཁེ་ལས་བློ་འདྲི་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་དང་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་གིས་རོགས་སྒྲུབ་བྱས་པའི་བོད་ཀྱི་དཔལ་འབྱོར་གཞུང་ལུགས་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གི་ཁཱེ་ཞོན་གསོལ་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས།

     ཐེངས་འདིའི་མཛད་སྒོ་སྟེང་དཔྱད་འདེམས་པའི་འཐུས་ཚབ་དང་འགྲན་ཞུགས་པའི་འཐུས་ཚབ། གདན་ཞུའི་སྐུ་མགྲོན་སོགས་ཀྱིས་གཏམ་བཤད་གནང་སྟེ། མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཁེ་ལས་པའི་འཐུས་ཚབ་དང་ལས་རིགས་གསར་གཏོད་ལ་འབད་བཞིན་པའི་ན་གཞོན་ཁེ་ལས་པའི་འཐུས་ཚབ། དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་ཆེད་མཁས་པ་དང་རེ་འདུན་དང་ཡིད་ཆེས་ཀྱི་ཕྱུག་པའི་འགྲན་ཞུགས་པ་སོགས་ལྷན་འཛོམས་བྱུང་ཡོད།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གསར་འདི་ཚོ་ཤོག་གསར་པས2016ལོའི་སྤྱི་ཟླ10པའི་ཚེས10ཉིན་ནས2017ལོའི་སྤྱི་ཟླ3པའི་ཚེས10ཉིན་བར་ཏེ། དུས་ཡུན་ཟླ་ངོ7ལྷག་གི་རིང་ལ་དཔྱད་རྩོམ70ལྷག་འབྱོར་ཞིང་། དེ་དག་ལས་བསྲེག་བཅད་བརྡར་གསུམ་གྱི་བསལ་འདེམས་བྱས་མཐར། དཔྱད་རྩོམ11བདམས་ཐོན་བྱུང་སྟེ་དེབ་ཏུ་བཟོས་ཤིང་གཟིགས་བཟོས་སྤྲད་པའོ། །

     ཐེངས་འདིའི་དཔྱད་འདེམས་མཇུག་འབྲས་གཤམ་གསལ་ལྟར་ཡིན་ཏེ། ཚེ་རིང་དོན་གྲུབ་དང་རིག་འཛིན་སྒྲོལ་མའི《དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་བོད་ཀྱི་དཔལ་འབྱོར་སྐོར་རགས་ཙམ་གླེང་བ》ཞེས་པར་བྱ་དགའ་ཨང་དང་པོ་དང་།  བཀྲ་ཤིས་རྒྱལ་གྱི《བོད་བཙན་པོའི་དཔལ་འབྱོར་འཕེལ་ཞིབ་དང་བོད་ཉེ་དེང་དཔལ་འབྱོར་སྣང་ཚུལ་ཕྲན་དཔྱད》དང་ཚེ་རིང་མཚོའི《བི་ཤྭ་ཀརྨ་བོད་ཀྱི་འཚེམ་དྲུབ་ཐོན་རྫས་ཀྱི་ཁྲོམ་རའི་གནས་ཐིག་གཏན་འཁེལ་དང་བྲིན་སྐུལ་གྱི་ཐབས་ཇུས་སྐོར་ལ་དབྱེ་ཞིབ་བྱས་པ》གཉིས་ལ་བྱ་དགའ་ཨང་གཉིས་པ། ཀླུ་སྟོད་སྒྲོལ་མ་སྐྱབས་ཀྱི《མདོ་སྨད་ཀླུ་ཆུའི་འབབ་ཡུལ་གྱི་ལོ་ཚོ་སྡེ་བའི་རོང་མ་འབྲོག་གི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་དང་ཐག་གཅོད་ཐབས་སྐོར་གླེང་བ》དང་མང་རའི་རྒྱལ་མཚན་གྱི《བོད་པའི་ལས་ཞུགས་ཀྱི་དཀའ་ཁག་དང་གོ་སྐབས》། ཚེ་རིང་དངོས་གྲུབ་ཀྱི《མཐོ་རིམ་དབུ་འཛིན་གསོ་འཛིན་གསོ་སྐྱོང་གི་གལ་འགངས་གླེང་བ》བཅས་ལ་བྱ་དགའ་ཨང་གསུམ་པ། བཀྲ་ཤིས་དཔལ་འབྱོར་གྱི《རྨ་ཆུའི་ཐོན་ཁུངས་དང་འབྲེལ་བའི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ》དང་དཔལ་ཆེན་རྡོ་རྗེའི《བོད་རིགས་སློབ་ཆེན་སློབ་མའི་ལས་སྒོ་གསར་སྒོ་འབྱེད་ཀྱི་འདུ་ཤེས་དང་མིག་སྔའི་གནས་བབ་གླེང་བ》། ཚེ་བརྟན་དབང་ཕྱུག་གི《བོད་ཁུལ་དེང་སྐབས་སྤྱི་ཚོགས་དང་མཐུན་པའི་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་ཅུང་ཙམ་དཔྱད་པ》། བཀྲ་ཤིས་དོན་གྲུབ་ཀྱི《བོད་ཁུལ་དཔལ་འབྱོར་གྱི་ད་ལྟའི་གནས་བབས་དང་གསར་གཏོད་བཅོས་སྒྱུར་རགས་ཙམ་གླེང་བ》། མགར་གཞུང་རིག་འཛིན་སྐྱབས་ཀྱི《དེང་རབས་དཔལ་འབྱོར་གྱི་མིག་ཟུང་སྤྱད་ནས་ནོར་ནག་གི་རིན་ཐང་གླེང་བ》བཅས་ལ་ཕུལ་བྱུང་བྱ་དགའ་བཅས་ཐོབ།


འབྲེལ་ཡོད་འོས་སྦྱོར།