《བློས་བསླངས་དཀྱིལ་འཁོར》འགྲེམ་སྤེལ་གྱི་དཔྱད་གླེང་ཚོགས་འདུ།
རིག་ལྡན་རྒྱ་མཚོའི《བློས་བསླངས་དཀྱིལ་འཁོར》འགྲེམ་སྤེལ་གྱི་དཔྱད་གླེང་ཚོགས་འདུ།
《བློས་བསླངས་དཀྱིལ་འཁོར》།
དཔྱད་གླེང་ཚོགས་འདུར་ཞུགས་པའི་རྩོམ་པ་པོ་རྣམ་པ།
སྤྱི་ཟླ12པའི་ཚེས24ཉིན། རིག་ལྡན་རྒྱ་མཚོའི་སྒྲུང་རིང《བློས་བསླངས་དཀྱིལ་འཁོར》གྱི་འགྲེམ་སྤེལ་དཔྱད་གླེང་ཚོགས་འདུ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་བསྡུས།
ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་རྨ་ལྷོ་རྩོམ་རིག་ལྷན་ཚོགས་དང་རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གཅན་ཚ་རྫོང་རིག་གནས་དཔེ་མཛོད་ཁང་གིས་རོགས་སྒྲུབ་བྱས་པ་རེད། ཚོགས་ཞུགས་མི་སྣ་ལ་རྩོམ་པ་པོ་དང་སྙན་ངག་པ་སུམ་ཅུ་ལྷག་ཡོད་པ་དང་། ཟུར་ཞུགས་པ་བཅས་བསྡོམས་པས་མི་དྲུག་ཅུ་ལྷག་ཞུགས་ཡོད། བོད་ཀྱི་རྩོམ་པ་པོ་རང་སྒྲ་དང་ཆོས་སྐྱོང་། དོ་རྒྱ་བསོད་ནམས་ཚེ་རིང་། འབྲོང་བུ་རྡོ་རྗེ་རིན་ཆེན། རེ་རྐང་གླིང་། རོང་བོ་དགེ་འདུན་ལྷུན་གྲུབ། བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་དཔེ་གསར་དང་འབྲེལ་ནས་དཔྱད་གླེང་སྤེལ་བ་རེད།
རྩོམ་པ་པོ་རིག་ལྡན་རྒྱ་མཚོ།
རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ནི1970ལོར་གཅན་ཚར་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་དང་། སྒྲུང་གཏམ《གནའ་གྲོང》ཞེས་པ་དེ་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བསྡུས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། རྒྱ་འགྱུར་དེབ《རིག་ལྡན་རྒྱ་མཚོའི་སྒྲུང་གཏམ》ཞེས་པ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། འབྲོང་རྩོམ་རིག་བྱ་དགའ་ཐོབ། ཐེངས་འདིའི་སྒྲུང་རིང《བློས་བསླངས་དཀྱིལ་འཁོར》ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད།
བློས་བསླངས་དཀྱིལ་འཁོར་གྱི་དཔྱད་གླེང་ཚོགས་འདུའི་སྟེང་གི་རྩོམ་པ་པོ་རིག་ལྡན་རྒྱ་མཚོའི་རང་གཏམ།
དེ་རིང་བདག་གི་སྔར་ནས་གུས་བརྩི་ཡོད་པའི་རྩོམ་པ་པོ་དང་སྙན་ངག་པ། དཔྱད་བརྗོད་པ། མང་པོ་ཞིག་གིས་རང་གི་རྩ་ཆེ་བའི་དུས་ཚོད་བཏང་ནས་འདི་གར་ཕེབས་པ་དང་ངའི་སྒྲུང་རིང《བློས་བསླངས་དཀྱིལ་འཁོར》ལ་དཔྱད་བརྗོད་གནང་རྒྱུ་ཡིན་པ་འདི་དངོས་གནས་དགའ་འོས་པ་ཞིག་རེད། ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
ང་ལ་མཚོན་ན། ཕལ་ཆེར་ལོ་ཧྲིལ་བོ་སུམ་ཅུ་ལྷག་ལ་སྒྲུང་གཏམ་བྲིས་པ་ཡིན། ཕལ་ཆེར་ཟླ་རེ་གཉིས་ཙམ་ལ་སྒྲུང་གཏམ་དང་རྩོམ་ཡིག་འབྲི་རྒྱུར་འཐུས་ཤོར་བྱུང་བ་མ་གཏོགས་དངོས་གནས་ལོ་ཧྲིལ་བོ་སུམ་ཅུའི་དུས་ཡུན་ནང་དུ་སྒྲུང་གཏམ་འབྲི་བ་དང་ཀློག་པ། དཔྱད་པ་གཏོང་བ་སོགས་ཀྱི་ལས་ཀ་རྒྱུན་མ་ཆད་པར་ཡོང་ཡོད། འདི་ནི་ཅུང་ཟད་ཧ་ལས་པ་ཞིག་འདུག རྒྱུ་མཚན་ནི་ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། སྤྱི་ཚོགས་འདིའི་ནང་འཚོ་བ་རོལ་བའི་དཀའ་ཁག་གི་རྒྱུད་རིམ་མང་པོ་ཞིག་ལ། བདག་གིས་ལས་ཀ་གང་ཅི་ལས་ཀྱང་རུང་རྟག་པར་མི་ཚེ་འདིའི་ལས་ཀ་གཙོ་བོའི་གོ་གནས་སུ་རྩོམ་རིག་བཞག་འདུག་པ་དང་། རྩོམ་རིག་དང་འགལ་ཟླར་གྱུར་པའམ། རྩོམ་རིག་གི་ཆ་ཤས་ཙམ་ཡང་བེད་སྤྱོད་མེད་པའི་ལས་ཀ་ནི་བདག་གིས་ངང་ངམ་ཤུགས་ཀྱིས་འདོར་བར་འགྱུར། ཡོང་འབབ་ཚད་མཐོན་པོའི་ལས་ཀ་ཡིན་ནའང་འདྲ། གསོག་གསོབ་ཀྱི་གོ་སྐབས་ཧ་ཅང་བཟང་བའི་བྱེད་སྒོ་ཡིན་ཡང་རུང་། དེ་དག་ལ་འཇུག་པའི་དུས་སྐབས་སུ་བདག་གི་ཚོར་བར་རང་ཉིད་རྩོམ་རིག་དང་ཁ་འབྲལ་བཞིན་པའི་ཉམས་སྣང་ཞིག་སྐྱེས་པར་འགྱུར་བ་དང་། དེ་ནས་བྱ་བ་དེ་ཚོར་སྤྲོ་བ་མེད་པ་ཆགས་ནས་རྒྱུན་པར་ལས་ཀ་དེ་དག་མཚམས་འཇོག་གི་འདུག དེ་ལྟར་རྩོམ་རིག་དང་ཁ་འབྲལ་མི་ཐུབ་པའི་ཚོར་བ་དྲག་པོ་འདིས་བདག་གི་རིན་ཐང་གི་ལྟ་ཚུལ་ལ་འགྱུར་བ་ཟབ་མོ་ཐེབས་ཏེ། སྤྱི་ཚོགས་ཐོག་གི་མི་མང་པོའི་བསམ་ཚུལ་དང་ངའི་འདོད་ཚུལ་རྦད་དེ་ཁ་ཁ་ཆགས་ཤིང་། ཁ་ཁ་དེའི་སྒང་ནས་རང་ཉིད་ཁེར་རྐྱང་གི་ལམ་ཁ་ཞིག་ཏུ་བགྲོད་ཀྱིན་པ་འདྲ།
འདི་ནི་རྩོམ་རིག་གིས་བདག་ལ་གནང་བའི་ལེགས་སྐྱེས་ཤིག་རེད་ཅེས་བདག་གིས་བཤད་མི་སྤོབས་ནའང་། རྩོམ་རིག་གིས་བདག་གི་སེམས་ཁམས་ལ་རྟག་པར་འཁྲུས་བྱས་ཏེ། ནམ་ཡང་རང་གིས་ཡིད་སྨོན་འཆོར་བ་དང་ཡི་རངས་བྱེད་པའི་མིའི་བསམ་བློ་དང་བར་ཐག་ཇེ་ཉེར་གཏོང་གིན་འདུག་སྙམ་པ་དྲན། དེ་བས་བདག་ལ་མཚོན་ན་རྩོམ་རིག་ནི་བླ་ན་མེད་པ་ཞིག་དང་རྩོམ་རིག་གིས་བསྐྱེད་པའི་འདུ་ཤེས་ནི་ཀུན་ལས་མཆོག་ཏུ་གྱུར་པ་ཞིག་རེད་སྙམ་གྱིན་ཡོད། འདི་ལྟར་བཤད་ན། བདག་གིས་ངེས་པར་རྩོམ་རིག་བརྩམས་ཆོས་རྨད་དུ་བྱུང་བ་མང་པོ་གསར་རྩོམ་བྱས་ཡོད་པའམ་བྱེད་དགོས་པ་ལྟ་བུར་སྣང་ཡང་། བདག་གིས་ནི་དེ་ལྟ་མ་ཡིན་པར་བརྩམས་ཆོས་ཀྱི་ཐད་ནས་ཀྱང་འབྲས་བུ་གཡུར་དུ་ཟ་བ་ལོན་མེད། འདས་པའི་སྒྲུང་གཏམ་བརྩམས་ཆོས་རྣམས་ནི་རྩོམ་རིག་གི་བློ་སྦྱོང་ཡོད་མེད་དང་མི་ལ་རྒྱུས་མངའ་ལོན་ཡོད་མེད། སྲོལ་ལུགས་མང་པོ་ཁོང་དུ་ཆུད་མིན་སོགས་ལས་བསྐྱེད་པ་ཡིན་ལ། དེ་རིང་དཔྱད་གླེང་བྱ་བའི་སྒྲུང་རིང་འདིའང་དེ་དང་ཁ་འབྲལ་ཐབས་མེད། ཡིན་ཡང་། སྒྲུང་རིང་འདི་དང་ངའི་སྔོན་གྱི་བརྩམས་ཆོས་བར་དུ་ཁྱད་པར་ངེས་ཅན་ཞིག་མཆིས་ལ། དེ་ཡང་འགན་ཁུར་ཞེས་པའི་མིང་འདི་བེད་སྤྱད་ནས་གླེང་དགོས་འདུག བདག་གིས་འདི་ལ་རྩོམ་རིག་གི་འགན་ཁུར་ཞེས་གླེང་ན་འདོད་ཡོད། མི་རིགས་གཞན་གྱི་སྒྲུང་གཏམ་འབྲི་མཁན་དག་གིས་རྩོམ་རིག་གི་འགན་ཁུར་ལ་ལྟ་ཚུལ་ཇི་འདྲ་ཡོད་པ་བདག་ལ་ཆ་རྒྱུས་མེད། བོད་མི་རིགས་ནང་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ་དག་གིས་རྩོམ་རིག་གི་འགན་ཁུར་གྱི་ལྟ་ཚུལ་ཇི་འདྲ་ཡིན་པའང་བདག་གིས་བརྗོད་པར་དཀའ།
ང་ལ་མཚོན་ན། རྩོམ་རིག་ནི་མི་རིགས་ཤིག་གི་སྐད་ཡིག་དེ་ཉིད་ཡུན་གཏན་དུ་གནས་པར་རྨང་གཞི་འདིང་བའི་རྡོ་དང་ཨར་འདམ་གྱི་སྡེབ་སྦྱོར་ལྟ་བུར་ངོས་འཛིན་གྱིན་ཡོད། རྩོམ་རིག་གི་རྨང་གཞི་མེད་ཚེ་སྐད་ཡིག་གི་ཚེ་སྲོག་ཀྱང་ཉག་ཕྲ་བར་འགྱུར། རྩོམ་རིག་ལ་དགའ་བའི་འདུ་ཤེས་ཉམས་ཚེ་སྐད་ཡིག་ལ་དགའ་བའི་སྤྲོ་སྣང་ཡང་ཉམས་པར་འགྱུར་རོ། ། འདི་ལྟའི་འདུ་ཤེས་ཤིག་རྒྱུད་ལ་ཆགས་པའི་དུས་སྐབས་དེ་འདྲ་ཞིག་ལ་བདག་གིས་སྒྲུང་རིང་འདི་འབྲི་མགོ་བརྩམས་ཤིང་། སྒྲུང་རིང་འདིའི་ཕྱོགས་གང་ཐད་དུ་གཟབ་ནན་བྱས་ཡོད། བོད་ཀྱི་ལུགས་སྲོལ་དང་འཚོ་བའི་གོམས་གཤིས། དུས་རབས་རང་བཞིན་གྱི་བྱ་དངོས་སྣ་ཚོགས། དམངས་ཁྲོད་རིག་གནས་དང་དམངས་ཁྲོད་རྩོམ་རིག བོད་མིའི་རིན་ཐང་གི་ལྟ་ཚུལ། སྤྱི་ཚོགས་ཀྱི་འགལ་ཟླ་དང་བར་བརྒལ་གྱི་འདུ་ཤེས། དུས་རབས་ཀྱི་བསམ་གཞིག་གསར་པ། བོད་ཀྱི་ཤེས་རིག་དང་དེའི་འབྱུང་ཁུངས་སོགས་ཕྱོགས་སོ་སོར་གཟབ་ནན་གྱི་འདུ་ཤེས་བཅངས་ནས་བྲིས་པ་ཡིན། དེར་མ་ཟད། རང་ཉིད་གོམས་པའི་རྩོམ་གཤིས་དོར་ནས་བོད་མི་རིགས་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་གཤིས་ལ་བསྟུན་ཅི་ཐུབ་ཀྱང་བྱས་ཡོད། འདི་ནི་ང་ལ་མཚོན་ན་བློས་གཏོང་ཚད་མེད་ཅིག་བྱས་པ་ཡིན་ཏེ། རྒྱུ་མཚན་ནི་གནའ་བོའི་རྩོམ་གཤིས་ལ་བསྟུན་ཆེ་ཚེ་རང་ངོས་ཀྱི་རང་སྐྱ་འཕེར་བའི་རྩོམ་གཤིས་ཡལ་བར་འདོར་དགོས་བྱུང་བ་དེ་ཡིན། བློས་གཏོང་དེ་ཡང་འགན་ཁུར་ཞེས་པའི་གོ་དོན་ཟབ་མོ་འདིའི་དབང་གིས་རེད་སྙམ་པ་དྲན་དུས་བདག་ལ་བློ་འགྱོད་སྤུ་ཙམ་ཡང་མ་མཆིས།
གོང་དུ་ངའི་རྩོམ་རིག་གི་ཚོར་བ་ཟེར་ན་འདྲ། རྩོམ་རིག་གི་མྱོང་བརྒྱུད་ཟེར་ན་འདྲ། དེ་ཚོ་རགས་ཙམ་གླེང་བ་ཡིན། དེའི་ནང་སྒྲུང་འདི་འབྲི་དུས་ཀྱི་རྒྱུ་རྐྱེན་རབས་དང་རིམ་པ་རྣམས་བཤད་མེད། ད་འདིར་ཚོགས་རྣམ་པས་དེའི་སྐོར་ཤེས་འདོད་ཡོད་ན་ཐང་། དེ་བས་ངས་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་དེའི་སྐོར་རགས་ཙམ་ཞིག་བཤད། དེ་ཡང་ལོ་ལྔ་དྲུག་གི་ཡར་སྔོན་ཙམ་ལ་ངས་ཁ་བྱང་ལ་སྐད་ཅིག་གི་དཔལ་ཡོན་ཟེར་བའི་སྒྲུང་གཏམ་ཞིག་བྲིས་ན་འདོད་བྱུང་། སྐད་ཅིག་གི་དཔལ་ཡོན་ཟེར་བ་དེ་གང་ལ་གོ་ཟེར་ན། 1980གཡས་གཡོན་དུ་ཆོས་སྒོ་ཕྱེས་ནས་ལོ་བཅུ་འགོར་མ་འགོར་གྱི་བར་དེར་གོ། སྐབས་དེར་དཔལ་ཡོན་དེའི་ངོ་བོ་ཧ་ཅང་གསལ་བོ་རེད། མི་ཚང་མའི་བསམ་པ་བཟང་པོར་གྱུར། ཤེས་ཡོན་ཅན་ལ་བརྩི་བཀུར་བྱེད། ཆེ་བཀུར་ཆུང་བྱམས་ཡོད། བག་ཡོད་ཚུལ་ལྡན་ཡིན། ཡིན་ཡང་ཅུང་མ་འགོར་བར་མི་སེམས་ག་ལེར་འགྱུར་ནས་ཕན་ཚུན་ཕྲག་དོག་དང་འབུར་འཇོམས་གཏོང་བ། ཁ་ནས་ཅི་ཤོར་རང་གིས་འགན་མི་ཁུར་པ། ལག་གིས་ཅི་འབྲི་བསམ་བློ་ནན་མོ་མི་གཏོང་བ། དེ་འདྲ་ཞིག་གི་ལོག་འདུག
ང་ལ་མཚོན་ན། ངན་གོམས་ཀྱི་རྩ་བ་འདི་སྔོག་པ་ལས་དཔལ་ཡོན་གྱི་འབྱུང་ཁུངས་དེ་འཚོལ་ན་བསམ་པའི་འདུན་པ་སྐྱེས་ནས། སྐད་ཅིག་གི་དཔལ་ཡོན་དེ་ཡང་སྙིང་གང་ནས་བྱུང་བར་བསམ་བློ་བཏང་བ་ཡིན། དེབ་ཀྱང་མང་པོ་བཀླགས་པར་དཔལ་ཡོན་དེའི་འབྱུང་ཁུངས་ནི་བྱང་ཕྱོགས་ཤམ་བྷ་ལའམ། ཞང་ཞུང་འོལ་མོ་ལུང་རིང་། ནུབ་ཕྱོགས་བདེ་བ་ཅན། འདི་རེད་བསམ་བསམ་སྐྱེས། མིང་འདི་དག་དོན་གཅིག་མིང་གི་རྣམ་གྲངས་རེད། ས་ཆ་འདི་ནས་ད་གཟོད་ཤེས་རིག་ཟེར་ན་འདྲ་དཔལ་ཡོན་ཟེར་ན་འདྲ། ཧ་ལས་དགོས་པའི་རིག་པ་ཞིག་དར་ཡོད་ཀི་བསམ། དེ་ཡང་དཔེ་དེབ་དང་ཡིག་ཚགས་ཀྱི་སྒང་ནས་བལྟས་ན། ས་ཆ་དེར་ཅི་ཞིག་དར་འདུག་ཟེར་ན། རི་བོ་རྨང་ནས་སྙིལ་ཐུབ་པའི་སྒྱོགས་དང་། ཆུ་གྱེན་དུ་འདྲེན་པའི་འཕྲུལ་ཆ། རྡོ་རྟ་གཤོག་པ་ཅན། རྒྱུ་སྐར་རེ་རེ་གསལ་བོར་མཐོང་བའི་སྐར་ཁུང་། སྤྱི་ལེ་སུམ་བརྒྱ་བཞི་བརྒྱའི་ཕ་རོལ་གྱི་སེམས་ཅན་དང་བྱ་དངོས་གསལ་བོར་འཆར་བའི་ཤེལ་ལེབ། སོགས་ཡོད་ཀི། ཚན་རིག་ལག་ཆ་དེ་དག་དར་བའི་ཡུལ་གྱི་རྒྱལ་པོ་ཡི་མིང་ལ་རིགས་ལྡན་རྒྱལ་པོ་ཟེར་གི། རིགས་ལྡན་རྒྱལ་པོ་དེ་ཤཱཀྱའི་རིགས་སམ། ཨརྱ། འཕགས་པ། ཡ་ལི་ཨན་ཟེར་བ་དེ་ལས་སྐྱེས་པ་དང་། རིགས་ལྡན་ཉེར་ལྔས་དབང་བསྒྱུར་ནས་ཡོང་བར་གྲགས།
ཤེས་རིག་ཧ་ཅང་དར་རྒྱས་སུ་སོང་བའི་ཡུལ་དེའི་སྤྱི་དམངས་ཀྱི་བསམ་བློའི་ཆུ་ཚད་ཅི་འདྲ་རེད་ཟེར་ན། རྩ་བ་ལྔ་བོ་སྤངས་ཡོད་པ་རེད། བསམ་བློའི་ཆུ་ཚད་ཧ་ཅང་མཐོ་བའི་ཡུལ་དེའི་རིགས་ལྡན་རྒྱལ་པོ་རིམ་བྱོན་གྱིས་དཀྱིལ་འཁོར་རེ་བཟོས་ཤིང་དེ་ལས་ཐུན་མོང་མ་ཡིན་པའི་ཤེས་རིག་སྤེལ་བ་རེད། དཀྱིལ་འཁོར་དེ་ཚོ་ནི་ད་གཟོད་དུས་སྐབས་དེའི་དཔལ་ཡོན་གྱི་མཚོན་བྱེད་དུ་གྱུར་ཅིང་། ད་ལྟའི་དུས་སུ་ང་ཚོས་བློས་བསླངས་དཀྱིལ་འཁོར་ཟེར་བའི་ཁང་པའི་འདྲ་གཟུགས་ཤིག་བཟོས་ནས་དྲན་གསོ་བྱེད་པ་དེ་རེད། རང་རེའི་ཆོས་ལུགས་ཀྱི་ངོས་ནས་བློས་བསླངས་དཀྱིལ་འཁོར་ལ་འགྲེལ་བཤད་མང་པོ་རྒྱག་རྒྱུ་ཡོད་མོད། མི་དཀྱུས་མའི་གོ་བ་ལེན་སྟངས་ལྟར་བཤད་ན། དེ་ནི་གནའ་བོའི་ཤམ་བྷ་ལའི་དཔལ་ཡོན་གྱི་མཚོན་བྱེད་ཅིག་རེད།
ངས་སྒྲུང་རིང་འདིའི་ཁ་བྱང་ལ་བློས་བསླངས་དཀྱིལ་འཁོར་ཟེར་དོན་ཡང་གཅིག་ནས་རང་རེའི་ད་ལྟའི་བར་དུ་ཤམ་བྷ་ལའི་ཤེས་རིག་དང་དཔལ་ཡོན་གྱི་རྒྱུན་བསྐྱངས་ནས་ཡོང་འདུག་པ་མཚོན་པ་དང་། གཉིས་ནས་དཔལ་ཡོན་དེ་ནི་མི་རང་ངོས་ཀྱི་བསམ་བློ་དང་ལག་པར་བརྟེན་ནས་འཛུགས་སྐྲུན་བྱེད་དགོས་པ་ཞིག་ཡིན་པ་ལས་སྨོན་ལམ་ཁོ་ནས་འགྲུབ་པ་ཞིག་ཡེ་ནས་མ་རེད་ཟེར་བ་ཡིན། ཡིན་ནའང་། སྒྲུང་གཏམ་འདིའི་བརྗོད་དོན་ངས་ཚིག་གཅིག་གིས་གསལ་བོར་བཤད་རྒྱུ་ཧ་ཅང་ཁག་པོ་ཡིན་ལ། ཚིག་གཅིག་གིས་གསལ་བཤད་བྱེད་པའི་དགོས་པའང་མ་མཆིས། དེར་མ་ཟད། སྒྲུང་གཏམ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཟུར་གལ་ཆེན་ཞིག་ཡིན་པས། སྒྱུ་རྩལ་གྱི་བློ་སྦྱོང་ལ་བརྟེན་ནས་ག་ལེར་མྱོང་རོལ་བྱས་ཏེ་ལྟ་ཀློག་པ་ཀུན་གྱི་བག་ལྷོད་ལྷོད་དང་ཐུགས་སྤྲོ་སྤྲོ་ཡོང་ཐུབ་རྒྱུ་ནི་ངས་སྒྲུང་གཏམ་འདི་བྲིས་པའི་དམིགས་ཡུལ་གཙོ་བོ་ཞིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད།
བཀའ་དྲིན་ཆེ། དུས་ཚོད་ཀྱི་དབང་གིས་ངས་གཏམ་བཤད་འདི་ནས་མཚམས་བཞག་པ་ཡིན། གཏམ་བཤད་མཇུག་རྫོགས་པའི་དུས་འདིར་བདག་གིས་དམིགས་བསལ་ཞུ་དགོས་པ་དང་ཞུ་སྙིང་འདོད་པ་ཞིག་ནི། ལས་བྱེད་དང་དགེ་རྒན་གྱི་ལས་གནས་སུ་ཡོད་ཀྱང་། ད་དུང་རྩོམ་རིག་ལ་འབད་བརྩོན་བསྐྱེད་མཁན་དག་ནི་དངོས་གནས་མི་རིགས་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་བདེ་ཐང་ལ་ཤ་ཚ་བའི་རླབས་ཆེན་གྱི་མི་སྣ་ཁག་ཅིག་རེད་ཅེས་བརྗོད་པ་ཡིན་ལ། བདག་གིས་ནམ་ཡང་ཁྱེད་ཚོའི་རྩོམ་རིག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱ་ངེས་ཡིན། བཀའ་དྲིན་ཆེ།