《མཚོ་ལྷོའི་རྩོམ་རིག་དཔེ་ཚོགས》(ཁག་གསུམ་པ)ཐོག་མའི་འགྲེམ་སྤེལ་དང“སྐལ་བཟང་བུམ་པའི”རྩོམ་རིག་བྱ་དགའ་གནང་།
ཚོགས་རའི་ཡུལ་དངོས།
ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་བེ་ཡིས་གཏམ་བཤད་གནང་བཞིན་པ།
སྤྱི་ཟླ11པའི་ཚེས21ཉིན། 《མཚོ་ལྷོའི་རྩོམ་རིག་དཔེ་ཚོགས》(ཁག་གསུམ་པ)ཐོག་མའི་འགྲེམ་སྤེལ་དང《གསེར་གྱི་ལྷ་དར》སྤེལ་ནས་ལོ་འཁོར་བཅུ་བདུན་ལོན་པའི“སྐལ་བཟང་བུམ་པའི”རྩོམ་རིག་བྱ་དགའི་མཛད་སྒོ་ཞིན་ཧེ་རྫོང་དུ་བསྡུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་རྟ་མགྲིན་རྒྱལ་དང་མཁའ་འགྲོ་ཚེ་རིང་། ཆོས་སྐྱོང་། པདྨདབང་ཆེན། ཁོན་ཐར་རྒྱལ་སོགས་དང་། དེ་མིན་རང་ཁུལ་གྱི་རྩོམ་པ་པོ་དང་། ཁུལ་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགན་ཁུར་མི་སྣ་སོགས་མི70ལྷག་ཐེངས་འདིའི་མཛད་སྒོར་ཞུགས།
《སྦྲང་ཆར》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་རྟ་མགྲིན་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཆོས་སྐྱོང་གིས་གཏམ་བཤད་གནང་བཞིན་པ།
ཞིན་ཧེ་རྫོང་གི་རྫོང་དཔོན་གཞོན་པ་གཡུ་མཚོ་སྐྱིད་ཀྱིས་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བ་དང་།ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་བེ་ཡིས《མཚོ་ལྷོའི་རྩོམ་རིག་དཔེ་ཚོགས》(ཁག་གསུམ་པ)འི་ཐོག་མའི་འགྲེམ་སྤེལ་གྱི་གོ་རིམ་དང《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དག་གིས་ཡང་ཡང་ཞུ་དག་དང་ཐུགས་ཁུར་གནང་བ་བརྒྱུད་ཤེས་རབ་བསྟན་དར(རྒྱ་གྲོལ)གྱིས་བརྩམས་པའི་སྲོལ་རྒྱུན་སྙན་ངག《དབྱངས་ཀྱི་མེ་ཏོག》དང་། འབའ་གདུགས་བྷེས་བརྩམས་པའི་ལྷུག་རྩོམ་སྙན་ངག 《རྫི་བོའི་ཟིན་ཐོ》།པདྨ་རིག་འཛིན་གྱིས་བརྩམས་པའི་ལྷུག་རྩོམ《དོག་མོ་ས》ཚེ་ལོ་ཐར་གྱི་སྒྲུང་གཏམ་ཕྱོགས་སྒྲིག《གྲོང་གསེབ་ཀྱི་གཏམ་རྒྱུད>>བཅས་པའི་དཔེ་དེབ་བཞི་ད་ལོ་པར་སྐྲུན་ལེགས་འགྲུབ་བྱུང་བ་དང་འདི་ལས་མཚོ་ལྷོའི་རྩོམ་རིག་གི་གཤིན་ས་བཟང་པོར་ཡང་བསྐྱར་འབྲས་བཟང་གི་ས་བོན་ཐེངས་ཤིག་བཏབ་པ་དང་རྗེས་སོར་ད་དུང་མུ་མཐུད་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་སྒོས་མཚོ་ལྷོའི་རྩོམ་རིག་གི་དཔེ་ཚོགས་རབ་དང་རིམ་པ་དཔེ་སྐྲུན་འགྲེམ་སྤེལ་བྱེད་རྒྱུའི་ཆོད་སེམས་བསྟན་པ་རེད།
《གསེར་གྱི་ལྷ་དར》སྤེལ་ནས་ལོ་འཁོར་བཅུ་བདུན་ལོན་པའི“སྐལ་བཟང་བུམ་པའི”རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ།
ཕུལ་བྱུང་བྱ་དགའ་ཐོབ་པའི《གསེར་གྱི་ལྷ་དར》དུས་དེབ་ཀྱི་རྩོམ་སྒྲིག་པ།
དུས་མཉམ་དུ་ཞིན་ཧེ་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས《གསེར་གྱི་ལྷ་དར》ཞེས་པའི་རྩོམ་རིག་དུས་དེབ་སྤེལ་ནས་ལོ་འཁོར་བཅུ་བདུན་ལོན་པའི་སྐལ་བཟང་བུམ་པའི་རྩོམ་རིག་བྱ་དགའི་མཛད་སྒོ་བསྡུས་པ་དང་། མཛད་སྒོའི་སྟེང《གསེར་གྱི་ལྷ་དར》སྤེལ་ནས་ལོ་འཁོར་བཅུ་བདུན་ལོན་པའི་རིང《གསེར་གྱི་ལྷ་དར》ལ་རྩོམ་ཡིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཕུལ་བྱུང་རྩོམ་པ་པོ་བརྒྱད་ལ་བྱ་དགའི་གཟེངས་རྟགས་གནང་བ་དང་ཕུལ་བྱུང་རྩོམ་སྒྲིག་པ་གསུམ་ལ་བྱ་དགའི་གཟེངས་རྟགས་གནང་།
ཐེངས་འདིའི་ཚོགས་འདུར་ཕེབས་པའི་ཚོགས་ཞུགས་པ་ལྷན་རྒྱས་ཀྱི་མཉམ་པར།
གཞན་ད་དུང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《གསེར་གྱི་ལྷ་དར》དུས་དེབ་ཀྱི་གཙོ་སྒྲིག་པ་དཔལ་འབྱོར་ཚེ་རིང་ལ་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་རིག་རྩལ་མི་སྣ་གསར་པ་གསོ་སྐྱོང་མཁན་གྱི་གཟེངས་རྟགས་གནང་།
ཚོགས་ཐོག་ཏུ་ད་དུང་ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་པ་པོ་དག་གིས་རང་གིས་བརྩམས་གནང་མཛད་པའི་དེབ་རེ་རེ་མཚམས་སྦྱོར་བྱས་ཤིང་།རྩོམ་སྒྲིག་པ་དང་རྩོམ་པ་པོ་སོ་སོས་རྩོམ་རིག་གི་ལྟ་ཚུལ་བརྗོད་པར་མ་ཟད།མཚོ་ལྷོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་《གསེར་གྱི་ལྷ་དར》དུས་དེབ་ཀྱིས་ལོ་ངོ་མང་པོའི་རྩོམ་རིག་གི་གཤིན་སའི་སྟེང་འབྲས་བུ་གཡུར་དུ་ཟ་བ་བླངས་པར་ཁས་ལེན་དང་གདེང་འཇོག་གང་མང་མཛད་པ་རེད།