མང་རྫོང་གིས《མང་རྫོང་སློབ་གསོའི་ལྟ་སྐུལ》ཞེས་པའི་དུས་དེབ་ཅིག་འགྲེམ་འཆར་ཡོད་པ།
རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ5བའི་ཟླ་མཇུག་ཏུ། མང་རྫོང་གིས《མང་རྫོང་སློབ་གསོའི་ལྟ་སྐུལ》ཞེས་པའི་དུས་དེབ་ཅིག་འགྲེམ་འཆར་ཡོད་པ་རེད།
《མང་རྫོང་སློབ་གསོའི་ལྟ་སྐུལ》ནི་སློབ་གསོའི་ལོ་ཕྱེད་དེབ་ཅིག་ཡིན་པ་དང་། དེ་ནི་མང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་མང་རྫོང་སྲིད་གཞུང་སློབ་གསོ་ལྟ་སྐུལ་ཁང་གིས་གཙོ་སྒྲུབ་བྱེད་ཀྱིན་ཡོད། ལོ་དེབ་འདིར་ནང་དོན་ཆེ་ཁག་ལེ་ཚན་རིམ་པ་དྲུག་ཡོད་པ་སྟེ། སློབ་གསོའི་སྐྱེམས་དང་སློབ་གསོའི་སྒྲོམ། སློབ་གསོའི་ཁམས། སློབ་གསོའི་ཚོམས། སློབ་གསོའི་སྡོམ། སློབ་གསོའི་ནོམ་བཅས་ཀྱིས་གྲུབ་ཅིང་། འདོན་ཐེངས་རྗེས་མ་ནས་བཟུང་སློབ་གསོའི་ཟམ་དང་སློབ་གསོའི་ལམ་ཞེས་པའི་ལེ་ཚན་གསར་བ་གཉིས་ཁ་སྣོན་བྱ་རྒྱུ་ཡིན།
《མང་རྫོང་སློབ་གསོའི་ལྟ་སྐུལ》ནི་གཞི་རིམ་རོང་འབྲོག་ས་ཁུལ་གྱི་དགེ་རྒན་ཚོའི་སེམས་ཁོང་ནས་བརྡོལ་བའི་སྙིང་གཏམ་ཡིན་ལ། སློབ་གསོ་ལ་བཏོན་པའི་དགེ་རྒན་ཚོའི་ལང་ཚོ་ཡི་མཆོད་པ་ཡང་ཡིན།
འདིར་མཁོ་བའི་རྩོམ་ཡིག་ནི་སྒྲུང་གཏམ་དང་སྙན་ངག་མ་གཏོགས་པའི་ལྷུག་རྩོམ་སྟེ། སློབ་གསོའི་ཕྱོགས་ཀྱི་ཆེད་རྩོམ་དང་དཔྱད་རྩོམ། འབོལ་རྩོམ། སྙན་ཞུའི་རྩོམ་ཡིག བརྟག་དཔྱད་རྩོམ་ཡིག བཅར་འདྲིའི་གནས་ཚུལ་དང་། དཔྱད་ཞིབ་ཟིན་བྲིས། སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་དང་མྱོང་ཚོར་སོགས་ཡིན།
དེ་བས། ཀློག་མཁན་དང་རྩོམ་མཁན་རྣམ་པས་ལོ་དེབ་འདིར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱས་ཏེ། འདི་ཉིད་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུར་སྙིང་ནས་རེ།