logo

ཧི་མ་ལའི་རིག་མཛོད་ཁང་གིས་བོ་དོང་གསུང་འབུམ་ཆེན་མོ་རིན་མེད་གཟིགས་འབུལ་བྱེད་པ།

རྩོམ་པ་པོ།:ཧི་མ་ལའི་རིག་མཛོད་ཁང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-02 ཀློག་གྲངས།:

༡ ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།
     ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་འདི་ནི་སྤྱི་ལོ2012ལོར་གསར་དུ་དབུ་བརྙེས་པའི་སྒེར་སྒྲུབ་ལས་ཁུངས་ཤིག་ཡིན། འདིས་བོད་ཀྱི་གནའ་དེང་གི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་པའི་གཞུང་ལུགས་མཐའ་དག་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕྱོགས་བསྡུ་དང་དག་སྒྲིག་ལེགས་པར་བྱས་འོག  དེང་རབས་བརྡ་འཕྲིན་གྱི་ཐབས་ལམ་བརྒྱུད་ནས། འཕྲུལ་དེབ། ལྟ་ཀློག དཔེ་དེབ་ཀྱི་རྣམ་པ་མི་འདྲ་བ་གསུམ་གྱི་སྟེང་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་དར་སྤེལ་གཏོང་བཞིན་ཡོད་པ་ནི་ང་ཚོའི་ལས་གཞི་དང་དམིགས་ཡུལ་ཉག་ཅིག་ཡིན། ལས་སྒྲུབ་ཁང་འདི་ནི་བོད་ཡུལ་གྱི་དགེ་ལས་ཆེད་གཉེར་གྱི་གཞི་རྒྱ་ཆེ་བའི་སྤྱི་གཉེར་ཁང་ཐོག་མ་དེའང་ཡིན།

༢ ཐོག་མའི་ལས་གཞི་བོ་དོང་གསུང་འབུམ།
     དུས་རབས་བཅུ་བཞི་བའི་ནང་བྱུང་བའི་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་པཎ་ཆེན་གྱིས་ཤུལ་བཞག་གི་བརྩམས་ཆོས་པོད143ཡོད་པ་འདི་ནི། དེ་སྔོན་འཛམ་གླིང་སྟེང་བརྩམས་ཆོས་ཆེས་མང་ཤོས་ཀྱི་ཟིན་ཐོ་བརྒལ་ཡོད་ཕྱིན་རྒྱལ་སྤྱིའི་སྟེང་ཁོང་ལ་ཚད་ངེས་ཅན་གྱི་གདེང་འཇོག་ཆེན་པོ་འཐོབ་བཞིན་ཡོད། འདི་བརྩམས་གནང་མཛད་ནས་མི་ལོ600ལྷག་གི་བརྒྱུད་རིམ་ཁྲོད་དུ་མ་དཔེ་དཀོན་ལ་བཤུ་དཔར་རེ་གཉིས་ལས་མེད་པ། ད་དུང་སྐྱེལ་འདྲེན་དང་ཉར་ཚགས་ཀྱི་ལམ་བར་ནས་བོར་རླག་ཁ་འཐོར་དུ་ཤོར་བས་མ་དཔེ་ཆ་ཚང་རྙེད་དཀའ་བ། འཚོལ་བསྡུ་དང་རྒྱུ་ཚེགས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཧ་ཅང་དཀའ་ཁག་ཆེ་བ། བརྩམས་ཆོས་ལ་རིན་ཐང་མཐོ་ནའང་གྲུབ་མཐའ་རིས་མེད་དུ་གཏོགས་པས་དེ་སྔོན་དམིགས་བསལ་གྱིས་བདག་པོ་མ་བྱུང་། ད་ཐེངས་ཧི་མ་ལའི་རིག་མཛོད་ཁང་གིས་གསུང་འབུམ་དེ་གའི་མ་ཡིག་འཚོལ་བསྡུ་དང་། ཡིག་གཏག་ནས་ཞུ་དག་རྩོམ་སྒྲིག་སོགས་ཚད་ལྡན་རང་བཞིན་གྱིས་དཔར་སྐྲུན་ལེགས་འགྲུབ་བགྱིས་པ་འདིས། འཛམ་གླིང་རིག་གཞུང་དང་ཁྱད་པར་བོད་ཀྱི་ཆོས་རིག་དར་སྤེལ་ལ་གཞོགས་འདེགས་ཟླ་མེད་ཅིག་གནང་བ་ཡིན་སྟབས། འདི་ནི་ང་ཚོའི་ཁྱད་འཕགས་ཀྱི་གཟི་བརྗིད་དང་། བསུབ་མེད་ཀྱི་རྡོ་རིང་ཞིག་ཏུ་བརྩི་ཆོག་གི་འདུག
༣ བོ་དོང་དང་གསུང་འབུམ་གྱི་ཁྱད་ཆོས།
     བོ་དོང་པཎ་ཆེན་དང་གསུང་རྩོམ་གྱི་ཕྱོགས་ནས་གླེང་ན། འཇིགས་མེད་འབངས་དང་མི་བསྐྱོད་རྡོ་རྗེས་བརྩམས་གནང་མཛད་པའི་རྣམ་ཐར་དག་དང་བསྡུར་ན། ཁོང་ནི་སྤྱི་ལོ1376ནས་སྤྱི་ལོ1456གཙང་ལ་སྟོད་དུ་སྐུ་འཁྲུངས་ཤིང་བོད་རང་ས་ནས་ནར་སོན་པའི་མཁས་པ་ཆེན་པོ་ཞིག་ཡིན།  གྱམ་བསམ་གཏན་གླིང་ནས་རབ་ཏུ་བྱུང་། ཁོང་གི་གྲུབ་མཐའ་རྩལ་འདོན་གྱི་ཆེད་དུ་དཔལ་མོ་ཆོས་སྡིངས་སོགས་དགོན་པ་བཏབ་པར་བརྟེན་དབུས་ཕྱོགས་སུ་དགོན་པ30ལྷག་བྱུང་བའི་ལོ་རྒྱུས་ཡོད། དགུང་ལོ་ཆུང་དུས་ནས་གསང་ཕུ་ནེའུ་ཐོག་སོགས་གྲྭ་ས་ཆེ་ཁག་ནས་མི་ཕམ་གཡག་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རོང་སྟོན་ཤེས་བྱ་ཀུན་གཟིགས་སོགས་སྙན་པའི་གྲགས་པ་འབར་བའི་མཁས་པ་དག་ཀྱང་རྩོད་པས་ཉམས་དམའ་བར་བྱས། བརྩམས་ཆོས་མི་འདྲ་བ20ལྷན་དུ་རྩོམ་ཐུབ་པ་དང་། ཁོང་གིས་བརྩམས་ཆོས་ཀྱི་ནང་དོན་ལ་གཞིགས་ནའང་བཅུ་ཕྲག་རིག་གནས་ཀྱི་ཉིང་བཅུད་འདུས་ཡོད་པ་དང་། ད་དུང་ཐང་ག་དང་ཡིག་གཟུགས་འབྲི་བཞེངས་སོགས་ལའང་ཆེད་ལས་ཀྱི་ཁྱད་ཆོས་ལྡན། གཡུང་དྲུང་སངས་རྒྱས་སྐྱིད་དང་རྗེ་འཇིགས་མེད་གྲགས་པ་སོགས་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན།
༤ ལས་གཞིའི་བརྒྱུད་རིམ་ཆེན་པོ་བརྒྱད།
     བོ་དོང་གསུང་འབུམ་འདིའི་ལས་ཀའི་བརྒྱུད་རིམ་ཡང་ཧི་མ་ལའི་རིག་མཛོད་ཁང་གི་སྒྲིག་གཞི་ལྟར། ༡ ཡིག་གཏག ༢ འབྲུ་ཀློག་དཔེ་སྡུར། ༣ དག་བཅོས་དཔེ་སྡུར། ༤ སྣ་མང་དཔེ་སྡུར། ༥ ཞུ་དག  ༦ ཞུ་ཆེན། ༧ དཔྱད་འཇོག ༨ རྩོམ་སྒྲིག་རགས་ལྟ་སོགས་ཆ་ཚང་བརྒྱུད་དེ་དག་སྒྲིག་བྱས་ཡོད་པས་ཞུ་དག་གི་ཕྱོགས་ནས་ཐུན་མིན་གྱི་ལེགས་ཆ་ལྡན། དེ་མིན་བརྡ་རྙིང་དང་ཡུལ་སྐད་སོགས་རང་སོར་བཞག་ལ། བརྡ་སྤྲོད་དང་ཐ་སྙད་མི་མཚུངས་པ་སོགས་གཅིག་གྱུར། སྐུང་ཡིག་དང་མཆན་སོགས་དཀྲོལ་ཅི་ནུས་བྱས་ཡོད་པས་ལྟ་ཀློག་ལ་ལེགས་ཆ་བཏོན་ཡོད།

༥ དཔེ་རྟགས་དང་ཇུས་འགོད་རྒྱལ་སྤྱིའི་ཚད་ལྡན་ཡིན་པ།
     དཔེ་སྐྲུན་གྱི་ཐད་ནས་ཀྱང་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་གྱི་དཔེ་རྟགས་ཐོབ་པས་རྒྱལ་ཁབ་ཕྱི་ནང་ནས་འགྲེམ་སྤེལ་ལ་སྟབས་བདེར་བཟོས་ཡོད། དཔེ་ཆའི་ཤོག་བུ་དང་སྦྱར་བཟོའི་རྒྱུ་སྤུས་དག་ཆེས་བཟང་ཤོས་ཡིན་པར་མ་ཟད། སྤུས་ལེགས་དང་དཀྱུས་མའི་རྣམ་པའི་པར་གཞི་གཉིས་ཡོད། རྒྱབ་ཤོག་ཇུས་འགོད་ལའང་མི་རིགས་རིག་གནས་ཀྱི་སེམས་ཁམས་རང་བཞིན་དང་མཐུན་པའི་མཚོན་དོན་ལྡན་ཞིང་མིག་ལ་བྱམས་པ། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་མཛེས་ཆས་སྤྲས་པ། དཔེ་ཆའི་རྣམ་པའང་ཆེད་དུ་དཔེ་དེབ་ཀྱི་རྣམ་པ་ཡིན་པས་སྐྱེལ་འདྲེན་དང་ལྟ་ཀློག་ཉར་ཚགས་སོགས་སྟབས་བདེ་ཡིན་ལ། ཁྱད་པར་སྣ་རིང་ལྟར་གླེགས་བམ་ཀྱི་ཤོག་ངོས་ཕན་ཚུན་འདྲེས་པའམ་གོང་འོག་འཁྲུག་ཉོག  ཤོག་ངོས་ཁ་འཐོར་བོར་བརླག་གི་ཉེན་ཁ་འབྱུང་ཁག་པ་བཅས་དམིགས་བསལ་གྱི་དགེ་མཚན་ལྡན།
༦ རྒྱལ་སྤྱིའི་ཁྲིམས་མཐུན་གྱི་པར་དབང་ཡོད་པ།
     དཔར་སྐྲུན་དང་པར་དབང་གི་ཕྱོགས་ནས་ཀྱང་བརྩམས་ཆོས་འདི་མི་ལོ600ལྷག་ཟིན་ཡོད་པས། རྒྱལ་སྤྱིའི་པར་དབང་ཁྲིམས་ལུགས་ཀྱི་དབང་དུ་བྱས་ན། རྩོམ་པ་པོ་འཇིག་རྟེན་འདི་དང་ཁ་གྱེས་ནས་མི་ལོ50ནས70འདས་ཟིན་པ་ཡིན་ན་མི་སུ་ལའང་སྒེར་འཛིན་གྱི་པར་དབང་མེད་པར་བརྩམས་ཆོས་དེ་འཛམ་གླིང་ཡོངས་ཀྱི་སྤྱི་ནོར་དུ་གྱུར་ཟིན་པས། མི་སུ་དང་གང་ལའང་ཁྲིམས་མཐུན་གྱི་པར་དབང་དང་ཁེ་དབང་ཡོད་སྟབས་ཁྲིམས་མཐུན་པར་དབང་གི་ཆ་རྐྱེན་ཡོངས་སུ་ཚང་། མི་རིགས་དང་ཆོས་ལུགས་སོགས་ཀྱི་དབང་དུ་བྱས་ནའང་ལུགས་མཐུན་གྱི་འགན་འཁྲི་ཕྲག་ཏུ་བབས་ཡོད། དེའི་ཕྱིར་གསུང་འབུམ་འདིའི་པར་དབང་ཡང་ཧི་མ་ལའི་རིག་མཛོད་ཁང་ལ་ཐུན་མོང་དུ་དབང་བ་ཡིན་སྟབས་དེ་བཞིན་ལུགས་མཐུན་ཁྲིམས་མཐུན་ངང་འགྲེམ་སྤེལ་གྱི་ལས་ལ་ཞུགས་པ་ཡིན།
༧ ལུགས་མཐུན་གྱི་རྩོམ་སྒྲིག་བྱས་ཡོད་པ།
     རྒྱལ་སྤྱིའི་རྩོམ་སྒྲིག་པའི་འགན་འཁྲི་ལྟར། ཞུ་དག་དང་།  ལེགས་སྒྲིག བསྒྱུར་བཅོས་གསལ་བཤད་སོགས་ལུགས་མཐུན་ལྟར་བྱས་པར་མ་ཟད། རྩོམ་ཡིག་ལ་བཤའ་བཅོས། འཕྲི་སྣོན། རྩོམ་ཡིག་དང་རྩོམ་པ་པོའི་མཚན་བྱང་བརྗེ་སྤོར། ལོག་བཤད་སོགས་ཁྲིམས་འགལ་བཟོས་མེད་སྟབས་རྩོམ་པ་པོའི་ཁེ་དབང་དང་རྩོམ་ཡིག་གི་རིན་ཐང་ལ་རྡོག་བརྫིས་དང་གནོད་ཤུགས་གང་ཡང་སྤྲད་མེད། བརྩམས་ཆོས་འདི་དེ་སྔོན་འཛམ་གླིང་སྟེང་དཔེ་དེབ་ཀྱི་རྣམ་པའི་སྟེང་ནས་དཔར་སྐྲུན་དང་འགྲེམ་སྤེལ་སུས་ཀྱང་བྱས་མེད་པས་པར་དབང་གི་ཁེ་ཕན་ལ་གནོད་པ་ཅི་ཡང་བཟོས་མེད་སྟབས་ཕྱི་གཙང་ནང་གཙང་གི་རིག་གཞུང་འདི་དེ་རིང་ནས་བཟུང་འཛམ་གླིང་ལ་དར་སྤེལ་གྱི་དབུ་བཟུང་བ་ཡིན་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་འདི་ལ་རྒྱབ་སྐྱོར་བར་མེད་གནང་རོགས།

༨ ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་ཚོགས་རིན་མེད་གཟིགས་འབུལ།
     ཧི་མ་ལའི་རིག་མཛོད་ཆེན་མོ་ལས་བོ་དོང་པཎ་ཆེན་གྱི་གསུང་འབུམ་དཔེ་ཚོགས་འདི2015ལོ་ནས་གཤམ་གསལ་གྱི་ཆ་རྐྱེན་ཚང་བ་དག་ལ་རིན་མེད་གཟིགས་འབུལ་གནང་བཞིན་ཡོད། དགོན་སྡེ་དང་སློབ་གྲྭ། བཤད་གྲྭ་དང་སྒྲུབ་གྲྭ། ཡང་ན་གྲུབ་མཐའ་དང་ས་ཁུལ་སོགས་ལ་དབྱེ་འབྱེད་མེད་པར་སུ་ལའང་རིན་མེད་གཟིགས་འབུལ་གནང་ཆོག   ཡིན་ནའང་དེ་ལ་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པ་ནི་གཤམ་གསལ་ལྟར་ཡིན།
     གཅིག  ས་གནས་དེ་གར་ངེས་པར་དུ་ཚད་ལྡན་གྱི་བོད་ཡིག་དཔེ་མཛོད་ཁང་ཡོད་དགོས་པ་དང་། མ་མཐའ་ཡང་དཔེ་མཛོད་ཁང་དུ་བོད་ཡིག་གི་དཔེ་ཆ་སྟོང་ཕྲག་གཉིས་ལས་བརྒལ་བ་ཡོད་དགོས། དཔེ་མཛོད་ཁང་ལོགས་སུ་མེད་ན།  དཔེ་ཆ་གྲངས་མང་བོ་ཉར་ཚགས་བྱས་ཡོད་པ་དང་། ཡང་ན་བཤམས་སྟོན་ཁང་དང་གཙུག་ལག་ཁང་གི་ནང་དུ་བརྩེགས་ཡོད་པ་ཙམ་གྱིས་མི་ཆོག
     གཉིས། བོད་ཡིག་དཔེ་མཛོད་ཁང་ཡོད་པ་ཙམ་གྱིས་མི་ཆོག་པར། དེའི་ཁོར་ཡུག་ན་བཤད་དང་སྒྲུབ་གྲྭ། ཡང་ན་སློབ་གྲྭ་སོགས་ཚད་ལྡན་རང་བཞིན་གྱི་ཤེས་རིག་དང་སློབ་སྦྱོང་གི་ཁོར་ཡུག་ངེས་ཅན་ཞིག་ཚང་དགོས།
     གསུམ། དཔེ་མཛོད་ཁང་གིས་རིག་གཞུང་འདི་དག་སྒེར་འཛིན་མི་བྱེད་པར། སྒྲིག་ལམ་དང་འཆར་གཞི་ཡོད་པའི་སྒོ་ནས་མི་རིགས་དང་ཆོས་ལུགས་སོགས་ལ་བར་ཁྱད་མེད་པར་ཀློག་པ་པོ་སུ་ཡིན་ལ་རྒྱུན་པར་དཔེ་གཟིགས་ཀྱི་དུས་ཚོད་དང་བདག་དབང་ངེས་ཅན་སྟེར་བ་དང་།  སོ་སོར་མཁོ་སྤྲོད་གནང་རྒྱུ་བཅས་ཆ་རྐྱེན་འདི་དག་ངེས་པར་ཚང་དགོས།

༩  བོ་དོང་གསུང་འབུམ་ཆེན་མོ་རིན་མེད་གཟིགས་འབུལ་གྱི་བརྒྱུད་རིམ།    
     གཅིག གལ་ཏེ་གོང་གི་ཆ་རྐྱེན་དག་ཚང་བ་ཡིན་ན།  སྔོན་དུ་སོ་སོའི་དཔེ་མཛོད་ཁང་ཕྱི་ནང་གི་རྣམ་པ་དང་། དེའི་ཁོར་ཡུག་གི་འདྲ་པར་དང་གསལ་བཤད་བདེན་དཔང་ཡིག་ཆ། ད་དུང་ཧི་མ་ལའི་རིག་མཛོད་སློང་བའི་རེ་ཞུའི་ཡི་གེ་དང་དེ་ལ་ཐམ་ག་བརྒྱབ་སྟེ་ཧི་མ་ལའི་རིག་མཛོད་ཁང་ལ་ཡར་སྤྲོད་དགོས།  ཕྱོགས་གཉིས་ཀྱིས་དང་ལེན་འོས་པའི་དཔང་མི་ཞིག་གིས་བདེན་དཔང་དགོས་པ་སོགས་གནས་ཚུལ་ཁུངས་བཙན་ཡོད་དགོས།
     གཉིས། ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་ཚོགས་མཁོ་སྤྲོད་ཀྱི་དཔང་ཡིག་ཅེས་པའི་དཔང་ཡིག་འདི་དཔེ་མཛོད་ཁང་དང་ཧི་མ་ལའི་རིག་མཛོད་ཁང་སྟེ་ཕྱོགས་གཉིས་ཀྱིས་ཁ་བསྐངས་ཏེ་སོ་སོའི་ཐམ་ག་དང་མིང་རྟགས་བཀོད་རྗེས། ས་གནས་ཁྲིན་ཏུའུ་གྲོང་ཁྱེར་ཧི་མ་ལའི་རིག་མཛོད་ཁང་ལ་དངོས་སུ་ཕེབས་སྐབས་རིག་མཛོད་ཆེན་མོ་འདི་ཁྱེད་ཅག་ལ་མཁོ་སྤྲོད་བྱ་རྒྱུ་ཡིན།
     གསུམ། ཆ་རྐྱེན་ཚང་བ་དག་གིས་གཤམ་གསལ་ལྟར་ཧི་མ་ལའི་རིག་མཛོད་ཁང་ལ་འབྲེལ་གཏུག་བྱ་ཆོག 2015ལོ་ནས་བོ་དོང་གསུང་འབུམ་ཆེན་མོ་འདི་ས་གནས་ཁྲིན་ཏུའུ་གྲོང་ཁྱེར་ཧི་མ་ལའི་རིག་མཛོད་ཁང་ནས་ཕྱོགས་སོ་སོར་རིན་མེད་གཟིགས་འབུལ་གནང་བཞིན་ཡོད་པས་གཤམ་གྱི་འབྲེལ་གནས་ལྟར་ཕེབས་རོགས་ཞུ།
གསལ་བཤད།

༡༠ ཟུར་ནས་ཤེས་དགོས་པའི་གནས་ཚུལ།
     གཅིག གསལ་བཤད་ཞུ་དགོས་པ་ཞིག་ལ་འདིར་ལག་སོན་བྱུང་བའི་བོ་དོང་གསུང་འབུམ་གྱི་མ་ཡིག་ལ་གླེགས་བམ་སྣ་རིང་མ་པོད143ཡོད་པ་དང་ལེགས་སྒྲིག་དཔར་སྐྲུན་བྱས་འོག་དེབ་སྤུས་ལེགས་ཀྱི་རྣམ་པ་ཚར་གཅིག་ལ་པོད95ཡོད། མིག་སྔར་ཧི་མ་ལའི་རིག་མཛོད་ཁང་གིས་དཔར་བསྐྲུན་བྱས་པའི་བོ་དོང་གསུང་འབུམ་གྱི་དཔེ་དེབ་ལ་རྣམ་པ་མི་འདྲ་བ་གཉིས་ཡོད། གཅིག་ནི་རྒྱལ་སྤྱིའི་དེབ་སྤུས་ལེགས་དང་། ཅིག་ཤོས་ནི་ཀློག་པ་པོར་སྟབས་བདེ་འོང་ཕྱིར་དེབ་དཀྱུས་མའི་རྣམ་པ་ལྟར་བཟོས་ཡོད།
     གཉིས། ཉེ་ཆར་བོ་དོང་གསུང་འབུམ་འདི་དར་སྤེལ་མཐོར་འདེགས་གཏོང་ཆེད་གསུང་འབུམ་གྱི་བདག་དབང་ཆ་ཤས་ཤིག་མི་རིགས་དཔེ་སྐྲུན་ཁང་ལ་སྤྲད་དེ་ཁོ་ཚོས་ཀྱང་འགྲེམ་སྤེལ་ཆེས་ཆེར་གནང་བཞིན་ཡོད། མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་སྤྱིའི་དཔེ་ཁང་སོ་སོར་འགྲེམ་བཞིན་པའི་བོ་དོང་གསུང་འབུམ་གྱི་ཚད་ལྡན་ཡོན་ཚད་ལྟར་ན་དེབ་སྤུས་ལེགས་ཚར་གཅིག་ལ་དམངས་སྒོར་ཁྲི3དང་དཀྱུས་མ་ལ་སྟོང་ཕྲག8བྱས་ནས་འགྲེམ་སྤེལ་བྱེད་བཞིན་ཡོད་པ་རེད།
     གསུམ། ཧི་མ་ལའི་རིག་མཛོད་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་སོགས་ས་གནས་སོ་སོར་རིན་མེད་གཟིགས་འབུལ་ཞུ་བཞིན་པའི་བོ་དོང་གསུང་འབུམ་འདི་ཡང་དེབ་སྤུས་ལེགས་དང་དཀྱུས་མའི་རྣམ་པ་དེ་གཉིས་ཀ་ཡོད་པས་སོ་སོར་འོས་འཚམས་ལྟར་འབུལ་བཞིན་ཡོད་པ་ཡིན།  
     བཞི། ཡང་སྙིང་ཤེས་དགོས་པ་ཞིག་ནི་ཧི་མ་ལའི་རིག་མཛོད་ཁང་གིས་བོ་དོང་གསུང་འབུམ་འདི་ནམ་ཡང་རིན་མེད་གཟིགས་འབུལ་ཞུ་བཞིན་ཡོད་པ་ལས་ཚར་གཅིག་གིས་ཀྱང་ཚོང་ལས་གཉེར་བཞིན་མེད་སྟབས། ཧི་མ་ལའི་རིག་མཛོད་ཁང་ནི་ངེས་པ་དོན་གྱི་ཁ་བཤད་ཙམ་མིན་པར་ལྷག་བསམ་གཙང་མས་བོད་ཀྱི་ཆོས་རིག་དར་སྤེལ་ལ་མི་ཚེའི་ཟུངས་ཁྲག་ཡོད་ཚད་འབུལ་བཞིན་ཡོད་པའི་ཐུན་མིན་ཁྱད་ཆོས་ལྡན་པའི་ཚོགས་པ་ཞིག་ཡིན།

འབྲེལ་གཏུགས་ས་ཚིགས།
ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།
喜马拉雅文库himalayan encyclopedia
སྤྱིའི་གཙོ་འཛིན་པ།  རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།
སྤྱིའི་གཙོ་འཛིན་གཞོན་པ།  རྨེ་གྲྭ ཚེ་རིང་བསམ་འགྲུབ།
ཁ་པར། 电话:15208425221—13880092384—028-87422886
འཕྲུལ་དེབ་འཕྲིན་སྟེགས།  喜马拉雅电子文库: maizha666
མཚོ་སྐྱེས་རིག་གནས།  海生文化:hswh-lianhuasheng
ས་གནས། སི་ཁྲོན་ཞིང་ཆེན་ཁྲིང་ཏུའུ་གྲོང་ཁྱེར་ནུབ་ཁུལ་གསར་བའི་ཤེས་ཤེན་ལམ་ཆེན་ཨང ༥ པ།  
地点:四川省成都市高新西区西芯大道5号汇都总部园3-2-186
སྦྲག་སྲིད་ཨང་གྲངས། 611731


འབྲེལ་ཡོད་འོས་སྦྱོར།