བོད་ཁུལ་གྱི་སློབ་གྲྭ་སོ་སོའི་དགེ་སློབ་ཡོངས་ལ་ཕུལ་བའི་དཔེ་འཕྲིན།
བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་དག་གིས་སྔར་བཞིན་བློ་སྤོབས་འགྱུར་མེད་དང་། རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཁུལ་ན་ཤིན་ཏུ་མཐོང་དཀོན་པའི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་ཀྱི་རིགས་སྣ་ཇེ་འཛོམས་དང་ནང་དོན་ཕུན་སུམ་ཚོགས་པ་ཡོང་ཆེད། དཀའ་མོ་ཚེགས་དང་དཀོན་མོ་རྒྱུ་བྱས་ཏེ་ལོ་ཕྱེད་ལྷག་རིང་ལ་འབད་བརྩོན་བྱས་མཐར། སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་ཏུ་འོས་ཤིང་འཚམ་པའི་དཔེ་དེབ་སྐོར་ཞིག་རྩོམ་སྒྲིག་བྱས་ཏེ་འགྲེམ་སྤེལ་བྱེད་ལ་ཉེ་ཞིང་། ཐེངས་འདིའི་བསླབ་ཕྱིའི་ཀློག་དེབ་ཀྱང་ཐེངས་སྔོན་མའི་བོད་ཁུལ་ན་ཆེས་དགའ་བསུ་དང་ཡིད་ཆེས་ཐོབ་པའི་བསླབ་ཕྱིའི་ཀློག་དེབ་སྟེ་འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་ནང་བཞིན། དཔེ་ཆའི་དངོས་གཞིའི་ནང་དོན་དང་བར་བཅུག་གི་པར་རིས་གཉིས་ཆ་བསྡེབས་ཤིང་པར་རིས་དག་ཚོན་མདོག་གིས་རབ་ཏུ་བརྒྱན་ཏེ། པར་རིས་ལ་བལྟས་པ་ཙམ་གྱིས་ཀྱང་དངོས་གཞིའི་ནང་དོན་ཕལ་ཆེ་བ་རྟོགས་འགྲོ་བའི་ཚུད་དུ་ཀྲུང་གོའི་མི་སྣ་གྲགས་ཅན་དག་གནའ་རབས་དང་དེང་རབས། ཉེ་རབས་བཅས་སྐོར་གསུམ་དུ་བགོས་ཏེ་དེབ་རིགས་གསུམ་དུ་བསྒྲིག་ཡོད།
སྤྱིར་ཀློག་པ་པོ་ཞིག་ལ་མཚོན་ན་དཔེ་ཆ་གང་དེ་ཀློག་བདེ་བ་ཞིག་དང་ནང་དོན་གོ་སླ་བ་ཞིག་ཡིན་ཚེ་དཔེ་ཀློག་གི་ངལ་དུབ་དང་སུན་སྣང་ཁྱོན་ནས་མེད་པས། ཀློག་དེབ་འདིའི་དམིགས་སའང་སློབ་མ་དག་ཡིན་ཕྱིར་དེའི་ཕྱོགས་ནས་ཁྱད་ཆོས་ཀྱང་འབུར་ཏུ་བཏོད་ཡོད་པ་ཡིན་ནོ། །
དཔེ་ཆའི་ཕྱིའི་རྒྱུ་སྤུས་ཆ་ནས་རྒྱུ་སྤུས་ཆེས་ལེགས་ཤོས་ཏེ་ཀློག་དེབ་གོང་མ་དང་ཨ་ན་མ་ན་ཡིན་ཞིང་། ནང་གི་ནང་དོན་དང་ཚིག་གི་དག་ཆའི་ཐད་ནས་ཀྱང་བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་སྤྱི་དང་ལྷག་པར་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་རྒན་པ་དག་གིས་ཡང་ཡང་ཞིབ་དག་བྱས་ཏེ་རྩོམ་སྒྲིག་བྱས་པ་ཡིན་རྐྱེན། དོན་ལ་བསྲེག་བཅད་བརྡར་བའི་གསེར་བཞིན་ཚིག་སྐྱོན་དང་དོན་སྐྱོན་གང་གི་ཆ་ནས་ཀྱང་བསླད་པ་མེད་དོ། །