དཔལ་ཆེན་རྡོ་རྗེའི་གྲངས་རིག་ཐད་ཀྱི་བརྩམས་ཆོས་ངོ་སྤྲོད་རགས་བསྡུས།
《གྲངས་རིག་རིག་གནས་དང་བོད་རྒྱའི་སྐད་གཉིས་གྲངས་རིག་སློབ་གསོའི་སྤྱི་དོན་བློ་གྲོས་སྣང་བ་འདྲེན་པའི་སྐྱ་རེངས》།
《གྲངས་རིག་རིག་གནས་དང་བོད་རྒྱའི་སྐད་གཉིས་གྲངས་རིག་སློབ་གསོའི་སྤྱི་
དོན་བློ་གྲོས་སྣང་བ་འདྲེན་པའི་སྐྱ་རེངས》ནང་དོན་གསལ་བཤད།
གོ་ལ་ཟླུམ་པོའི་སྐྱེ་འགྲོ་ཡོངས་ཀྱི་ཐུན་མོང་ཤེས་རབ་ཉིང་བཅུད་ལས་བྱུང་ཞིང་ཚན་རིག་རིག་གནས་ཀྱི་རྨང་གཞིར་བཞེད་པའི་གྲངས་རིག་ཤེས་བྱར་ལག་ལེན་ཁྲོད་ནས་གསར་གཏོད་དང་ལེགས་བཅོས་བྱས་པ་ཡང་གཙོ་བོ་དེའི་ཤུགས་བསྟན་གྱི་བསམ་བློའི་ཐབས་ལམ་དང་། གཏན་ཚིགས་གོ་རིམ་ཡིན་པས་སྐད་རིགས་གང་ཞིག་གིས་ལམ་ནས་སྤེལ་ཀྱང་འགལ་བ་མ་མཆིས་ཏེ། གྲངས་རིག་བསམ་བློ་དེ་ལའང་དབྱེ་བ་ཤིན་ཏུ་མང་ཞིང་། གྲངས་དང་གྲངས། ཚད་དང་ཚད། དངོས་པོ་དང་དངོས་པོའི་བར་གྱི་འབྲེལ་ཡོད་འཇལ་བྱེད་ལ་སོགས་པའི་གནད་དོན་འདུས་ཡོད་པས། དེང་རབས་འཕྲུལ་ཆས་གསར་བའི་ལག་ལེན་དང་བརྡ་འཕྲིན་ལས་རིགས་ཀྱི་ཕན་ནུས། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་མཚོན་ཆ་དང་རྨང་གཞིའི་ཤེས་རིག་གི་རྩ་བའམ་མ་ལག་ཡིན་ཕྱིར། འཛམ་གླིང་གི་རླབས་ཆེན་གྲངས་རིག་པ་མང་བོས་གྲངས་རིག་ནི་རང་བྱུང་ཚན་རིག་གི་རྨང་གཞི་ལྟ་བུར་ཁས་ལེན་དང་གདེང་འཇོག་བྱས་ཡོད་དེ། རླབས་ཆེན་གྲངས་རིག་པ་ཀཱོ་སིས“གྲངས་གཞུང་ནི་གྲངས་རིག་གི་རྒྱལ་བོ་དང་གྲངས་རིག་ནི་ཚན་རིག་གི་རྒྱལ་བོ་ཡིན།ཞེས་གསུངས་པ་ཡང་གནད་ལ་འཁེལ་ཞིང་ཤིན་ཏུ་ནས་མད་པས་བའི་གཏམ་དུ་ངེས་ན། དེ་འདྲའི་ཚན་རིག་རྨང་གཞིར་བཞེད་པའི་གྲངས་རིག་རིག་གནས་ཀྱི་བསམ་བློ་རིམ་པའམ་གཏན་ཚིགས་ཐབས་ལམ་དེ་རང་ནུས་ཅི་ལྕོགས་ཀྱིས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་སྒོ་ནས་ཡུལ་གངས་ཅན་པའི་སྐད་དང་ཡི་གེའི་སྦྱོར་བར་བརྟེན་ནས་བརྗོད་པར་འདོད་པ་ཡིན་ལ། ཇི་སྐད་དུ། བརྗོད་རིམ་སྟོབས་ལས་དངོས་པོ་ནི། ཟབ་མོ་དག་ཀྱང་གསལ་བ་སྟེ། ཞེས་པ་ལྟར་གྲངས་རིག་ནི་རིག་གནས་ཤིག་ཡིན་ཞེས་བཤད་ཆོག་གམ། ཡང་ན་གྲངས་རིག་ནི་དོན་སྙིང་ཇི་འདྲ་ཞིག་ལྡན་པས་རིག་གནས་ཤིག་ཏུ་བགྲང་ཆོག་ཅེས་པའི་དྲི་བ་འདིར་རིམ་པ་མི་འདྲ་བའི་སྒོ་ནས་དབྱེ་ཞིབ་དང་བསམ་བློ་རེ་བཏང་ན། གྲངས་རིག་ནི་ཚད་འཇལ་མ་དཔེ་རུ་བལྟས་ན་མངོན་སུམ་དུ་ཕྱི་རོལ་ཁོར་ཡུག་མཚོན་པ་དང་། དེ་ནི་བལྟོས་འཇོག་གི་ངོས་ནས་མཚོན་པ་ཡིན་ཞིང་། མངོན་སུམ་གྱི་ཕྱི་རོལ་ཕྱི་རོལ་རང་བཞིན་ལྡན་ཞིང་གཏན་འཁེལ་གྱིས་གྲངས་རིག་གཏད་ཡུལ“ཕྱི་རོལ་རང་བཞིན”རྨང་གཞིའི་སྟེང་ངོས་ཟིན་ཐོབ་སྟེ། གྲངས་རིག་ཞིབ་འཇུག་གི་གཏད་ཡུལ་ཀྱང་དངོས་ཡོད་འཇིག་རྟེན་གྱི་དོན་དངོས་གནས་པ་དེ་མིན་ལ། སྤྱི་མཚན་འཛིན་པའི་ཚུལ་གྱིས་རྟོག་པའི་བསམ་བློ་རིམ་པ་དེ་ཡིན་ཞིང་། དེ་ནི་མིས་ཚད་ངེས་ཅན་གཏན་འཁེལ་བྱས་པའི་ཆོས་ཉིད་མ་ལག་ཅིག་ཡིན། ཕྱི་ཡུལ་མཚོན་པའི་ཆེད་དུ། གྲངས་རིག་མཁས་པ་ཚོས་མཚོན་ཚུལ་རྣམ་པ་གསར་གཏོད་དང་ཆབས་ཅིག་ཚད་འཇལ་མ་དཔེ་ཡང་གསར་གཏོད་གནང་ཡོད་པ་མ་ཟད། ཚན་རིག་ལག་རྩལ་ཕྱོགས་ཀྱི་བེད་སྤྱོད་ལས་གཞན་ད་རུང་བསམ་པའི་ཁྱབ་ཁོངས་ཀྱི་ནུས་པའང་འདུས་ཡོད།
མི་རྣམས་ཀྱི་རྒྱུན་པར་བཤད་པའི་གྲངས་རིག་ལྟ་ཚུལ་དེ་དཔེར་ན། རིགས་འདེད་དང་ཕྱོགས་བསྡུས། སྤྱི་ཡོངས་དང་སྤྱི་མཚན་འདུ་ཤེས། གྲངས་རིག་མཛེས་རྟོག་སོགས་འདུས་པས་གྲངས་རིག་ནི་རིག་གནས་ཤིག་ཡིན་པར་ཁ་ཚོན་གཅོད་ཐུབ་མོད། གྲངས་རིག་མཁས་པ་ཚོར་ཁྱད་པར་བའི་སྤྱི་ལྟ་ཚུལ་ཞིག་གྲུབ་པ་ནི་གྲངས་རིག་ཐུན་མོང་ཚོགས་པ་དེ་ཡིན་ལ། གྲངས་རིག་གི་ཐུན་མོང་ཚོགས་པ་ནང་གྲངས་རིག་མཁས་པ་རེ་རེས་ཐུན་མོང་ཚོགས་པའི་ངོ་བོ་རྣམ་པ་ནས་རང་ཉིད་ཀྱིས་ཞིབ་འཇུག་བྱེད་སྒོའི་ལས་ལ་ཀུན་ནས་གཞོལ་ཞིང་ལག་ལེན་གྱི་རྨང་གཞིར་གྱུར་བའི་སྲོལ་རྒྱུན་དུའང་གནས་ཡོད་པ་གསལ་བཤད་བྱས་དང་བྱེད་བཞིན་ཡོད། གྲངས་རིག་སྲོལ་རྒྱུན་མ་ལག་ཆ་ཚང་བའི་འབྲེལ་ཡོད་ཤེས་བྱའི་སྤྱི་ཁོག་རིམ་པ་ལྡན་ལ་ལྟོས་ཟླའི་གཏན་འཇགས་རང་བཞིན་ཞིག་ངེས་པར་ལྡན་པས་དེ་ལུགས་ཀྱི་བེད་སྤྱོད་རིན་ཐང་ལ་རིང་ཐུང་ཚད་ཀྱིས་འཇལ་བ་དང་བདེན་ལུགས་དཔྱོད་པས་ཤེས་པ་ལྟར་ཀུན་གྱིས་ལག་ལེན་ནང་ར་སྤྲོད་བྱེད་བཞིན་ཡོད། སྤྱིར་ན་ཕྱོགས་གསུམ་གྱི་སྒོ་ནས་དབྱེ་ཆོག་སྟེ། ཐོག་མར་གྲངས་རིག་ངོ་བོས་སྤྱིའི་ངོས་ཟིན་དང་བར་དུ་ཚད་ལྡན་རང་བཞིན་གྱི་གྲུབ་ཆ་དེའམ་ཇི་ལྟར་ཚད་ལྡན་དང་ཚད་གཞི་བྱས་ཏེ་བྱ་དངོས་ལ་ཞིབ་འཇུག་བྱེད་ཐུབ་ན་གཞི་ནས་གྲངས་རིག་ཐུན་མོང་གིས་ཁས་ལེན་ཐོབ་པ་དེ་དང་། ཐ་མར་བློ་སྒོ་འབྱེད་པའི་གྲུབ་ཆ་སྟེ་མི་རྣམས་ལ་བློ་སྒོ་འབྱེད་པའི་རོགས་རམ་འོག་གནད་དོན་དང་བསམ་འཆར་ཐག་གཅོད་པ་སྟེ། སྤྱིར་སྤྱི་ཁོག་དང་ལོ་རྒྱུས་རང་བཞིན་ནི་རིག་གནས་ཀྱི་ཁ་ཕྱོགས་གཙོ་བོ་གཉིས་ཡིན་ཞིང་། གྲངས་རིག་རིག་གནས་ཀྱི་བར་མའི་དོན་གྱི་དགོངས་པ་ལྟར་དོན་དངོས་སུ་གྲངས་རིག་བསམ་བློའི་སྤྱི་ཁོག་དང་བྱུང་འཕེལ་གྱི་ཆོས་ཉིད་རང་བཞིན་རྟིང་གནོན་བྱས་པ་དེ་ཡིན། དེའི་ཐུན་མོང་གི་ཆོས་ཉིད་དང་སྲོལ་རྒྱུན་ཤེས་བྱའི་མ་ལག་གིས་གྲངས་རིག་རིག་གནས་ཀྱི་སྤྱི་ཁོག་རང་བཞིན་ཡང་དོན་ངོ་མས་མཚོན་པར་བྱས་ཡོད་པས། གཏན་འཁེལ་གང་ལེགས་ཀྱིས་གྲངས་རིག་ནི་རིག་གནས་མ་ལག་གི་མཐོང་རྒྱ་ཆེ་ཞིང་ལྟ་བ་ཟབ་པའི་ཆ་ཤས་ཙམ་དུ་གྱུར་ཡོད། དེ་ལའང་རིག་ཚན་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་གཞུང་ལུགས་ཀྱི་སྤྱི་མཚན་ཅན་དང་གཏན་ཚིགས་ཀྱི་ཚགས་དམ་པ། བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེད་བའི་རྣམ་པ་འདུས་པས་ཡིན།
དེའི་གྲུབ་སྟངས་ཡང་མཚན་ཉིད་ཡང་དག་པ་དང་རིགས་འདེད་གཏན་ཚིགས་ལྡན་པ་བཅས་ཀྱིས་སྡོམ་ཚིག་གནད་ལ་འཁེལ་བའི་ཁྱད་ཆོས་ཡོད་པས་སྲོལ་རྒྱུན་ལྟར་ན་གྲངས་རིག་ནི་ཐབས་དང་ནུས་པའམ་རྣམ་པའི་ཆ་ནས་གཏན་ཚིགས་རིགས་འདེད་ཅིག་དང་། ཐུན་མོང་གིས་བེད་སྤྱོད་བྱེད་པའི་མཐོང་སྣེའམ་ཟུར་ནས་གྲངས་རིག་ནི་ལག་ཆ་ཞིག་ཡིན་པར་འདོད་ལ། ཚན་རིག་ལོ་རྒྱུས་སམ་གྲངས་རིག་བྱ་འགུལ་གྱི་ཆ་ནས་གྲངས་རིག་ནི་ཚན་རིག་དང་། བརྡ་འཕྲིན་བརྗེ་སྤོར་ཆ་ནས་ལག་རྩལ་ཞིག་ཏུ་འདོད་པས་མིའི་རིགས་ཀྱིས་གསར་གཏོད་དང་གསར་གཏོད་ཡང་དངོས་ཡོད་འཚོ་བ་དང་གྲངས་རིག་ཞིབ་འཇུག་གི་དགོས་མཁོ་ལས་བྱུང་ལ། དེའི་ངོ་བོ་ཕྱི་ཡུལ་ན་གནས་པའི་གཏན་འཁེལ་ཅན་ཞིག་ཡིན་པས་གྲངས་རིག་ནི་འཕེལ་རྒྱས་སུ་འགྲོ་བའི་འགྱུར་ལྡོག་གི་རྣམ་པ་ཅན་དང་། གྲངས་རིག་རིག་གནས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུའང་གྱུར་ཡོད་པས། ཚན་རིག་རིག་གནས་དེའི་ཟབ་རྒྱས་ཀྱི་མཐའ་ཁོང་དུ་མ་ཆུད་པའམ་ཆུད་ཀྱང་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པའི་ཆུ་ཚད་དགོས་པ་ངོས་མ་ཟིན་པས་ཤེས་བྱ་སྔ་ཕྱིའི་འབྲེལ་བའི་རྐང་གྲངས་འགྲིག་མེད་པ་དང་དོན་གྱི་དགོངས་པ་སོ་སོའི་གནས་ལུགས་ཇི་བཞིན་དུ་མ་རྟོགས་པའམ་ལོག་པར་རྟོག་པའི་དངོས་གཞིར་དམིགས་ནས། བསྟན་བྱ་གང་དེའི་བརྗོད་བྱ་ཐམས་ཅད་སྐབས་དོན་འབྲེལ་བར་ཐབས་ཡོད་པའི་ལུགས་སུ་བྱས་ཏེ་འཆད་ན། ཇི་སྐད་དུ། ཀུན་གྱིས་གོ་ཞིང་བརྗོད་པ་བདེ། དོན་དང་མཐུན་པ་དཔེས་འགྲིག་ལ། སྔ་ཕྱི་མི་ཟློ་མི་འགལ་ཟླ། དབྱེ་བསྡུ་ཤེས་ན་མཁས་པ་ཡིན། ཞེས་པ་ལྟར་སྐབས་བབ་གྲངས་རིག་བསམ་བློ་རིམ་པའི་ངེས་དོན་གཞིར་བྱས། རིགས་ལམ་དང་ཐག་གཅོད་ཐབས་ལམ་ལ་དབྱེ་ཞིབ་དང་བརྟག་གཞིག་ཟབ་མོ་བྱས་ན་དེ་ལས་སྔོན་འགྱུར་གྱི་མྱོང་བ་དང་རྗེས་འཇུག་གི་རིགས་ལམ་ཡང་དག་པར་འབྱེད་ཐུབ་པའི་དོན་ལ་དམིགས་པ་དང་བཅས། རང་རེའི་ཁ་བ་རི་བོའི་ལྗོངས་ཀྱི་སྐར་རྩིས་ཀྱི་གཞུང་ཕྱི་མོའི་འདྲེན་ལུགས་དང་དེང་སྤྱོད་ཡུལ་གྱི་ལག་ལེན་མཐར་ཕྱིན་པའི་ཚན་རིག་རིག་གནས་འདིའི་རྒྱབ་འགལ་བྱེད་ས་ཡང་། གནས་ལུགས་དང་རྒྱུ་མཚན་ལྟར་སྣང་གིས་བཞག་པའི་ཁུངས་མེད་ཀྱི་གཞུང་དང་། དེའི་བརྗོད་བྱར་གྱུར་བའི་དངོས་པོའི་གཤིས་ལུགས་རྫུན་མ་དེ་ཡིན་ལ། དེའི་གཉེན་པོར་ཞིབ་འཇུག་དང་བརྟག་གཞིག་གཟབ་ནན་བྱས་པ་བརྒྱུད་དངོས་པོའི་ཆོས་ཉིད་དང་མཐུན་པའི་ལྟ་བ་གསལ་བཀྲོལ་དང་། ལག་ལེན་དངོས་འབྲེལ་གྱིས་མིག་མཐོང་ལག་ཟིན་དུ་སྤྱོད་ཐུབ་པའི་བདེན་དཔང་དངོས་སུ་བྱེད་པ་དེ་ལས་གཞན་མེད་པས་དེའི་རྩ་བ་ནི་ཡང་ཡང་དཔྱད་མཐར་རྙེད་པའི་བློ་རིག་ངེས་ཅན་ཞིག་གིས་བསམ་བློར་རག་ལས་པ་སྟེ། རིགས་ལམ་ཞིབ་ཅིང་ཕྲ་བའི་འཛིན་ཚུལ་ཡང་གྲངས་ཀྱི་གནས་ལུགས་དཔྱིས་ཕྱིན་པ་ཞིག་གིས་རྩིས་རྒྱག་དང་གཏན་ཚིགས་ཐབས་ལམ་གྱིས་དཔྱད་མཐར་གང་རྙེད་པ་ཐམས་ཅད་བདེན་དོན་གྱི་གནས་ལུགས་འཁྲུལ་མེད་ཅིག་ལ་འཇོག་བཞིན་པ་ཀུན་པོས་ངེས་ཤེས་འདྲོངས་ནུས། དཔེར་ན། འཇིག་རྟེན་གྱི་ཆུང་ཕྲ་རྡུལ་ཕྲན་ནས་ཆེ་བ་རི་རབ་བར་གྱི་དངོས་པོ་ཐམས་ཅད་མངོན་སུམ་གྱིས་གཞལ་བར་བྱ་བ་ཉིད་དུ་གྲུབ་པ་དང་། དེ་དག་གི་སྟེང་གི་སྐད་ཅིག་དུས་མཐའི་ཡུན་གྱི་འཕོ་འགྱུར་རྣམས་དངོས་སྟོབས་རྗེས་དཔག་གིས་རྟོགས་པར་བྱ་བ་ཉིད་དུ་གྲུབ་པ་དང་། དེ་དག་བཀོལ་སྤྱོད་བྱ་བར་ཐོབ་པའི་ལས་ཀ་ཚང་མ་སྔ་མའི་ལས་ལས་གྲུབ་པ་རྣམས་ཡིད་ཆེས་རྗེས་དཔག་གིས་རྟོགས་པར་བྱ་བ་ཉིད་དུ་གྲུབ་པ་ནི་བསྙོན་མེད་ཡིན་པ་ལྟ་བུ་སྟེ། འཇིག་རྟེན་འཚོ་བའི་ཁྲོད་ཀྱི་བྱ་གཞག་མངོན་སྤྱོད་ཀྱི་འགྲོ་འདུག་ཟ་འཐུང་སོགས་སྤྱོད་ལམ་རྣམ་བཞི་ནས་ཕྱི་ཡུལ་ངོས་འཛིན་གྱི་གཟུང་བྱར་གྱུར་བའི་དངོས་པོ་ཐམས་ཅད་གྲངས་ཀྱི་འགྲོས་ལུགས་དང་སྙོམས་འགྲིག་གི་རིམ་པ་ཞིག་གིས་མཐུན་སྣང་དུ་གྲུབ་པ་ཡན་ཆད་རྩིས་འགྲོས་ཀྱི་གོམ་ཁ་དང་བོར་སྤོ་དགོས་ཚུལ་ཡང་གནས་ལུགས་དེ་རྟོགས་པའི་ཐབས་དམ་པ་ཉིད་དུ་ངེས་ན། དེའི་བསམ་བློ་ཐབས་ལམ་ལྟར་གྲུབ་པའི་ཨང་ཀའི་གྲངས་ཀྱི་ས་རིས་རི་མོ་འབྲི་ཚུལ། དགུ་མཐའ་སོགས་སྒྱུར་བགོད་སྣོན་འཕྲི་བཞི། གྲངས་ཀྱི་མངོན་བརྗོད་སོགས་སྔོན་འགྲོའི་སྐོར་དང་། གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ལྔ་བསྡུས་རིམ་པ་བསྡུས་ཏེ་དེང་རབས་གྲངས་རིག་བསམ་གཞིག་རིམ་པ་ལྟར་རིགས་འདེད་ཀྱི་ཁུངས་དང་ཐབས་རེ་སྦྱོར་ཅི་ཐུབ་བྱས་ནས་བསྟན་ཡོད་པ་དང་ཆབས་ཅིག སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་འགྱུར་ལྡོག་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་དང་བསམ་པའི་དཔལ་ཡོན་ཟུང་དུ་འབྲེལ་ནས་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་། ཐོན་སྐྱེད་ལག་རྩལ་གྱི་འཕེལ་འགྲོས་རིམ་པས་ཕྱི་རོལ་ཆ་རྐྱེན་དང་བསྟུན་ནས་འགྱུར་བའི་དེང་རབས་ཅན་གྱི་སྤྱི་ཚོགས་འདིར་ལག་རྩལ་གསར་བ་དང་སློབ་གསོ་བྱེད་ཐབས་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་པར་ཉི་མ་མེ་གྲོགས་དང་། ཆར་བ་ཆུ་གྲོགས་སུ་འགྲོ་བའི་ཕྱོགས་ལ་ཀུན་ནས་འབད་པ་རྒྱུན་འཁྱོངས་དང་ལག་བསྟར་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཕྱིར། ཇི་སྐད་དུ། ལུས་ཀྱི་དེ་ལྟར་སྤྱད་པར་བྱ།། ངག་གིས་བརྗོད་པའི་ཇི་ཞིག་ཕན།། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།། ནད་དག་སེལ་བར་འགྱུར་རམ་ཅི།། ཞེས་གསུངས་པ་ལྟར། བྱ་བ་གང་ཞིག་ཡིན་ཡང་ལག་ལེན་མེད་པའི་ཁ་བཤད་ཙམ་གྱིས་རང་གཞན་སུ་ལའང་ཕན་ཐོགས་མི་སྲིད་པས། རང་རེའི་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་བབ་ལས་འཕྲོས་ཏེ་སྐད་གཉིས་གྲངས་རིག་སློབ་གསོའི་དམིགས་ཡུལ་དང་། བྱེད་ཐབས། དགོས་པ་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་དངོས་ཐོག་བདེན་འཚོལ་བྱེད་པར་དམིགས་ནས། སྐབས་དོན་བརྗོད་བྱའི་ལུས་ལ་རྣམ་པ་གསུམ་དང་གླེང་གཞི་དང་མཇུག་བྱང་མ་ཐེ་བར་ས་བཅད་ལྔ་རུ་བགོས་ཡོད་དེ། ས་བཅད་དང་པོར་རིག་གནས་དང་འབྲེལ་བའི་གྲངས་རིག་ནང་དོན་དབྱེ་བ་སྤྱིར་བསྟན་པ། ས་བཅད་གཉིས་པར་གྲངས་རིག་བྱུང་འཕེལ་གྱི་ཁྱད་ཆོས་དང་མཛེས་རྟོག་རིག་པའི་དོན་སྙིང་། ས་བཅད་གསུམ་པར་གྲངས་རིག་རིག་གནས་ཀྱི་གསར་གཏོད་བསམ་བློ་དང་དེའི་ཁྱད་ཆོས། ས་བཅད་བཞི་བར་སྐར་རྩིས་རིག་པའི་ཁྲོད་ཀྱི་གྲངས་རིག་བསམ་བློ་མདོར་བསྟན་པ། ས་བཅད་ལྔ་བར་སྐད་གཉིས་སློབ་གསོ་དང་སྐད་གཉིས་གྲངས་རིག་སློབ་གསོ་བཅས་བསྟན་ཡོད་མོད། སྨྱུག་ཐོགས་པ་ཁོ་བོར་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་དེ་བས་ཀྱང་ཞན་ཁར་དུས་ཚོད་ཀྱི་ཁོམ་ལོང་མེད་པ་དང་ཆེད་སྦྱོང་ཤེས་ཚད་ཀྱང་ཤིན་ཏུ་ཉག་ཕྲ་ཕྱིར། གོ་བ་ལོག་སྒྲུབ་དང་མ་རྟོགས་ཅོལ་ཆུང་གི་སྐྱོན་ནོར་དྲི་མས་འབགས་རིགས་པ་སྨྲས་མེད་ཡིན་མོད་ཀྱང་། བདག་གི་རྩ་བའི་བླ་མ་བསེ་ཚང་རིན་པོ་ཆེ་གཙོ་བྱས་ཆེད་ལས་དོན་གཉེར་ཅན་འགའ་རེའི་སྐུལ་སློང་དང་རང་ཉིད་ནས་ཀྱང་སློབ་གསོའི་ལས་དོན་གཉེར་བའི་རིང་གི་མྱོང་ཚོར་རེ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་སེམས་ཀྱི་དྭངས་མ་དང་བརྩེ་བའི་འདུན་མ་གིས་སྦྱར་བ་ཡིན་ཙ་ན། རྣམ་དཔྱོད་ཅན་གྱི་མཁས་པ་དང་ཤེས་ནས་སྨྲ་དག་གིས་དགོངས་འཆར་ལྷུག་པོར་བསྩལ་ཏེ་ཕྱིས་སུ་པར་གཞི་བསྐྱར་འདེབས་བྱེད་པའི་གོ་སྐབས་རེ་བྱུང་ན་དོན་གྱི་སྙིང་བོ་འབུར་དུ་ཐོན་ཞིང་བརྗོད་བྱ་འཐུས་ཚང་ཡང་དག་ཅིག་ཡོང་བའི་མཐུན་རྐྱེན་རེ་བསྐྲུན་པའི་རེ་བ་ཞུ།
དཔལ་ཆེན་རྡོ་རྗེ།
དཔལ་ཆེན་རྡོ་རྗེ་ནི1972ལོར་མཚོ་སྔོན་གཅན་ཚ་རྫོང་ཁམས་ར་སྐྱིད་གླེ་སྡེ་བའི་སོ་ནམ་པའི་ཁྱིམ་གཞིས་ ཤིག་ཏུ་སྐྱེས། ཕ་མ་བཟང་བོའི་བཀའ་དྲིན་གྱིས་ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་སྟེ། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་མཐར་ཕྱིན་ནས1992ལོར་བྱ་བར་ཞུགས་པའི་ ཡུན་ལ་སློབ་གྲྭ་ཆེན་མོར་བོད་སྐད་གྲངས་རིག་སློབ་ཁྲིད་ཀྱི་འགན་འཁུར་ཞིང་སྡེ་ ཁག་དང་སློབ་གླིང་། ཞིང་ཆེན་རིམ་པའི་སློབ་གསོ་འཆད་ཉན་དང་རིག་གཞུང་ཞིབ་འཇུག ལས་གཞི་རྣམ་གྲངས། བསླབ་དེབ་རྩོམ་སྒྱུར་སོགས་ཕྱོགས་གང་ཐད་ནས་གདེང་འཇོག་གང་ལེགས་གནང་ཞིང་། བྱ་དགའ་ཡང་རབ་དང་རིམ་པ་བླངས་ཡོད། 1999ལོར་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་མཐོ་རིམ་གྲངས་རིག་དང་གྲངས་རིག་སློབ་ གསོ་ཆེད་ལས་ཟབ་སྦྱོང་བྱས། 2004ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་གཉེར་བྱས་ ཤིང་། སློབ་གཉེར་དུས་སུ་ཞིང་ཆེན་རིམ་པའི“བོད་རྩིས་བརྡ་ཆད་ཚད་ལྡན་ཞིབ་འཇུག”གི་ལས་ གཞི་རྣམ་གྲངས་ཀྱི་གཙོ་འགན་ཀྱང་འཁུར། སློབ་གྲྭ་ཡོངས་ཀྱི་ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའ་ཡང་ཐོབ་མྱོང་བ་མ་ཟད། 2010ལོར་པེ་ཅིན་དགེ་ཐོན་སློབ་ཆེན་དུ་མཁས་པའི་གམ་དུ་འཚམས་འདྲི་བཅར་བའི་གོ་ སྐབས་ཀྱང་ཐོབ། ད་ལྟ་ཀན་སུའུ་ཞིང་ཆེན་གྲངས་རིག་སློབ་གསོ་ཞིབ་འཇུག་ཚོགས་པའི་ལིས་ཧྲི་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སྐབས་དྲུག་པའི་སློབ་ཁྲིད་ལྟ་ སྐུལ་སློབ་སྟོན་ཨུ་ཡོན་ཚོགས་པའི་ཨུ་ཡོན། སྐབས་གཉིས་པའི་རིག་གཞུང་ཚོགས་པའི་ཨུ་ཡོན། བོད་རྩིས་ལུགས་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་དང་སློབ་དཔོན་ཆེན་མོ་གཞོན་པའི་ འགན་གཅིག་ལྕོགས་ཀྱིས་འཁུར་ཡོད། བགྲང་བྱ་བཅུ་ཕྲག་གཉིས་ལ་ཉེ་བའི་སློབ་ཁྲིད་ཞོར་དུ《བོད་ལྗོངས་ཞིབ་འཇུག》དང 《བོད་ལྗོངས་སློབ་ཆེན་རིག་དེབ》།《ནུབ་བྱང་མི་རིགས་སློབ་ཆེན་རིག་དེབ》སོགས་ རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་སུམ་ཅུའི་ལྷག་ སྤེལ་བ་དང་། མི་རིགས་དགེ་ཐོན་སློབ་ཆེན་གྱི་བོད་སྐད་གྲངས་རིག་བསླབ་དེབ་དང་གྲངས་རིག་བསམ་ བློའི་ཐབས་ལམ་སྐོར་གྱི་བརྩམས་ཆོས་སྐོར་ཞིག་ཀྱང་འགྲེམ་སྤེལ་བྱས། རྒྱལ་ཡོངས་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་རིག་སློབ་གསོ་གླེང་སྟེགས་དང་ རྒྱལ་ཡོངས་བོད་ཁུལ་བོད་རྒྱ་སྐད་གཉིས་གྲངས་རིག་སློབ་ཁྲིད་རྣམ་པའི་དཔྱད་གླེང་ ཚོགས་འདུ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ བཅུ་གྲངས་ལྷག་ལ་ཞུགས་སོ།།