logo

མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་གྱི་དཔྱད་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:བསོད་ནམས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-03 ཀློག་གྲངས།:


《མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས》།

      ཟླ11པའི་ཚེས29ཉིན་གྱི་སྔ་དྲོ། བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་དཔྱད་གླེང་ཚོགས་འདུ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་རླུང་འཕྲིན་ལས་ཁུངས། རྒྱལ་ཁབ་མི་རིགས་ཡིག་སྒྱུར་ལྟེ་གནས་སོགས་ལས་ཁུངས་ཁག་གི་བོད་རིག་པའི་ཞིབ་འཇུག་པ་དང་འགོ་ཁྲིད། མཁས་དབང་མི་ཉག་མགོན་པའི་ཁྱིམ་མི། ལས་གྲོགས་སོགས་མི་སྣ30ལྷག་ཐེངས་འདིས་གྲོས་ཚོགས་སུ་ཞུགས། མི་རིགས་རིག་གནས་ཕོ་བྲང་གི་ཏང་ཨུའུ་གཞོན་པ་དང་རྒྱུན་ལས་འགོ་ཁྲིད་གཞོན་པ་ལེའི་ཐེའུ་ཀྲུའུ་ཡིས་ཚོགས་འགོ་བཟུང་ནས་ཤིས་ཚིག་ཕུལ། བོད་རིག་པའི་མཁས་དབང་ཆེན་མོ་ཝང་ཡའོ་ལགས་དང་མི་ཉག་མགོན་པའི་བུ་མོ་བསོད་ནམས་སྒྲོལ་དཀར་རྣམས་གཉིས་ཀྱིས་རྗེས་དྲན་གསུང་བཤད་གནང་།


དཔྱད་གཞིའི་ཡིག་ཆ།

      ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་འགོ་གཙོ་ཝུའུ་ཀོས་པུའོ་ཡིས་གསུང་རྒྱུར། མཁས་པའི་དབང་པོ་མི་ཉག་མགོན་པོ་མཆོག་ནི1923སྐུ་འཁྲུངས་ཤིང་། གངས་དཀར་རྡོ་རྗེ་འཆང་བླ་མ་སྐུ་ཕྲེང་ལྔ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེའི་མདུན་དུ་བོད་ཀྱི་རིག་པའི་གནས་གསན་སྦྱངས་མཐིལ་ཕྱིན་བྱས། སྔ་ཕྱིར་ལྷོ་ནུབ་མི་རིགས་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། རྒྱལ་ཁབ་མི་རིགས་ཡིག་བསྒྱུར་ལྟེ་གནས། མི་རིགས་རིག་གནས་ཕོ་བྲང་སོགས་སུ་དགེ་རྒན་དང་། ཡིག་སྒྱུར། རིག་གཞུང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་། ཁོང་གི་མི་ཚེ་གང་པོ་ནི་ཞི་དུལ་བག་ཡོད་དང་། རིག་གཞུང་ཞིབ་འཇུག་ལ་འབད་པ་ལྷོད་མེད་དུ་དུས་འདའ་བ་ལས། ཁེ་གྲགས་དང་སྒེར་དོན་མི་སེམས་པའི་བརྟུལ་ཞུགས་བ་ཁོ་ན་ལགས། ལྷག་ཏུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཐད་ཀྱི་བྱས་རྗེས་བླ་ན་མེད་པ་བཞག་ཡོད།


ཚོགས་འདུའི་ཡུལ་དངོས།

      ཐེངས་འདིར་པར་སྐྲུན་གནང་བའི《མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས》ནི་སྐུ་ཞབས་ཁོང་ཉིད་ཀྱི་ལོ་ངོ་བཞི་བཅུ་རིང་ལ་དཀའ་སྤྱད་འབད་འཐབ་དང་བོད་རིག་པ་འཚོལ་ཞིབ་གནང་བའི་གྲུབ་འབྲས་བཟང་བོ་དང་བོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྲོད་ཀྱི་གསུང་རྩོམ་གཙོ་བོ་དག་ཕྱོགས་བསྡུས་བྱས་པ་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་ལེགས་བསྒྲིགས་བྱས་ཤིང་ད་ལོའི་ཟླ་ལྔ་བར་ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།  དེབ་འདིའི་ནང་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་ཞེས་པ་དང་། འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་དཀར།  བོད་ཀྱི་ལུས་སྦྱོང་རིག་པ་སྨན་གྱི་ལྗོན་པ། རིག་གཞུང་དཔྱད་རྩོམ་སྐོར་ལ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བོད་དུ་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ་ཞེས་པ་དང་། བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ་བཅས་བདམས་བཀོད་བྱས་ཡོད།


ཚོགས་འདུའི་ཡུལ་དངོས།

      ཚོགས་འདིའི་ཆེད་དོན་གཏམ་བཤད་ཀྱི་རིམ་པར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་འགོ་གཙོ། དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་མིག་སྔའི་རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལས་གཞིའི་ལས་ཀ་དང་བསྒྲགས་ནས་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་ལས་ཀའི་གནས་ཚུལ་ཕྱོགས་བསྡོམས་དང་ཉར་ཚགས་ཐད་ཀྱི་དཀའ་གནད་བརྗོད་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་སྟོན་ཁང་གི་འགོ་གཙོ་ཨ་དཔལ་ལགས་ཀྱིས་པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་དཀར་ཆག་ཆེན་མོའི་སྐོར་ངོ་སྤྲོད་གནང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་བྱམས་པས་དཔེ་མཛོད་ཁང་གི་བོད་ཡིག་དཔེ་རྙིང་ཉར་ཚགས་དང་སྲུང་སྐྱོབ་སྐོར་གྱི་དཔྱད་པ་ཅེས་པའི་གཏམ་བཤད་གནང་བ་རེད།


མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་གྱི་དཔྱད་གླེང་ཚོགས་འདུ་བསྡུས།

      གཞན་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སྐད་ཡིག་ཡིག་བསྒྱུར་ལྟེ་གནས།  ཀྲུང་དབྱང་མི་དམངས་རླུང་འཕྲིན་ལས་ཁུངས་གི་ལས་སྣེ་བས་སོ་སོའི་རྩོམ་སྒྲིག་གི་ལས་ཀ་དང་བསྒྲགས་ནས་བོད་ཡིག་དཔེ་རྙིང་འཚོལ་བསྡུ། ཞིབ་འཇུག ཉར་ཚགས་སོགས་ཀྱི་སྐོར་ལ་དཔྱད་གླེང་གལ་ཆེན་གནང་བ་མ་ཟད། བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་ཞིབ་འཇུག་ཐད་ཀྱི་བརྗོད་དོན་ལ་གཞིག་ནས་གཏམ་བཤད་གནང་། གཞན་ད་དུང་མི་རིགས་དཔེ་སྐྲུན་ཁང་དང་བཅས་ཀྱི་ཚོགས་ཞུགས་མི་སྣ་རྣམས་ཀྱིས་བརྗོད་གཞིར་དམིགས་ཏེ་གྲོས་མོལ་གཏིང་ཟབ་ཅིང་རྒྱ་ཆེ་བ་བྱས།
      ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་གཙོ་སྐྱོང་གནང་བ་དང་། ཚོགས་ཐོག་ཏུ་དཔེ་མཛོད་ཁང་གི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཀར་ཆག  ཞིབ་འཇུག་གི་འབྲས་བུའི་དཔེ་ཆ་སྣ་ཚོགས་འགྲེམ་སྟོན་བྱས།


མཁས་དབང་མི་ཉག་མགོན་པོ།

མི་སྣ་ངོ་སྤྲོད།
      མཁས་པོ་དབང་པོ་མི་ཉག་མགོན་པོ་མཆོག་ནི1923ལོའི་ཟླ1པོའི་ཚེས3ཉིན་བོད་ཁམས་ཤར་མི་ཉག་རིང་མོ་འབོ་གངས་དཀར་གྱི་ཉེ་འགྲམ་དུ་སྐུ་འཁྲུངས། ལོ་ལྔ་བར་གངས་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་དུ་བསྐྱལ་ནས་བོད་ཡིག་སྦྱོང་བའི་མགོ་ཚུགས། གངས་དཀར་རྡོ་རྗེ་འཆང་བླ་མ་སྐུ་ཕྲེང་ལྔ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེའི་མདུན་ནས་སྐྲ་ཕུད་ཕུལ། ཆོས་མིང་དུ་ཀརྨ་ཆོས་གྲུབ་སེངྒེ་ཞེས་པའི་མིང་གསོལ། སྔ་ཕྱིར་ལོ་ངོ་བདུན་གྱི་རིང་ཆོ་ག་ཕྱག་ལེན། གདངས་དབྱངས་རོལ་ཚིགས། གར་འཁྲབ་བཅའ་བཟོ་སོགས་མཐར་ཕྱིན། ལོ་བཅུ་བཞི་བར་གངས་དཀར་དགོན་པའི་བཤད་གྲྭ་ཐོག་མར་བཙུགས་པ་ནས་སློབ་གཉེར་བྱེད་པའི་སྐལ་བ་ཐོབ། དེ་ནས་བཟུང་གངས་དཀར་བླ་མའི་མདུན་ནས་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པར་མཛད། གཞན་ཚ་ཚ་མཁན་པོ་ཐུབ་བསྟན་དང་། མཁན་པོ་ཕན་བདེ་བཀྲ་ཤིས་སོགས་མཁས་གྲུབ་དུ་མའི་སྤྱན་སྔར་གསན་བསམ་ལེགས་པར་རང་ལོ་ཉི་ཤུའི་བར་བྱས།1945ལོར་གངས་དཀར་བླ་མ་དང་འགྲོགས་ནས་ཁྲིན་ཏུའུ་དང་ཁྲུང་ཆིན། ཡུན་ནན། ཁུང་མིང་སོགས་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ལ་བསྐྱོད་ནས་ཆོས་དང་འགྲོ་བའི་སྐལ་དོན་ལྷག་མེད་ལོ་གཅིག་རིང་སྒྲུབ།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།