བོན་གྱི་དཔེ་རྙིང་གྲགས་ཅན་མདོ་གཟེར་མིག་གི་ངོ་སྤྲོད་མདོར་བསྡུས།
བོན་གྱི་དཔེ་རྙིང་གྲགས་ཅན་ཏེ《མདོ་གཟེར་མིག》།
དེ་ཡང་བོད་རིག་པའི་ཞིབ་འཇུག་པ་དག་ལ་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་ཡིག་ཆ་གྲགས་ཅན་ཞིག་སྟེ་བོན་གྱི་དཔེ་རྙིང《མདོ་གཟེར་མིག》ཅེས་པ་འདི་ནི་སྟོན་པ་གཤེན་རབ་ཀྱི་བྱུང་རབས་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་འབྲིང་པོ་ལེའུ་བཅོ་བརྒྱད་ཅན་དྲང་རྗེ་བཙུན་པ་གཟེར་མིག་ཅེས་པས་གཏེར་ནས་བཏོན་པའི་བོན་གྱི་དཔེ་རྙིང་དེ་ཡིན་འདུག གཤམ་དུ་དཔེ་རྙིང་དེའི་ནང་དོན་ངོ་སྤྲོད་མདོར་བསྡུས་ཙམ་ཞུ་རྒྱུ་ཡིན།
དེ་བཞིན་མདོ་ལའང་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་དང། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་སོགས་ཇི་སྙེད་ཅིག་བྱོན་པའི་ནང་ནས། འདི་ནི་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ཡི་ཁོངས་སུ་གཏོགས་ཤིང་། དེའང་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ཞེས་པ་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་ཡིན་ཞིང། མཛད་རྣམ་ལའང་རྒྱས་འབྲིང་བསྡུས་གསུམ་གྱི་ནང་ནས་འདི་ནི་འབྲིང་པོ་གཟེར་མིག་ཅེས་བྱ་བ་དེ་ཡིན།
བརྗོད་བྱའི་ནང་དོན་གནད་བསྡུས་ཙམ་ཞུས་ན། འདིར་སྟོན་པ་གཤེན་རབ་མི་བོ་མཆོག་གི་སྐུ་ཚེ་སྔོན་གྱི་ལོ་རྒྱུས་དང་། ཁོང་གི་ཡབ་ཡུམ་དང་ཡུལ་གང་དུ་སྐྱེ་བ་བཞེས་ཚུལ་སོགས་དང་། སྐུ་ཚེ་གང་བོར་མཛད་པ་ཅི་ཙམ་མཛད་ཡོད་པ་དང་། བོན་འཁོར་ཇི་ལྟར་བསྐོར་ཡོད་པ་སོགས་ཅུང་རྒྱས་པ་ཞལ་གསལ་མཛད་ཡོད། ལེའུ་ཡི་གྲངས་བཅོ་བརྒྱད་ཙམ་ཡོད་རེ་རེ་ཞུས་ན། སྔ་རབས་འདས་པའི་ལེའུ་དང། གཤེན་རབ་ཀྱི་ཡབ་ཡུམ་གྱི་ལེའུ། གཤེན་རབ་སྐྱེ་བ་བཞེས་པའི་ལེའུ། གཤེན་རབ་ཀྱིས་བསྟན་པ་སྤེལ་བའི་ལེའུ། ལྷ་གཤེན་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ལྷ་མོ་སུམ་བརྒྱ་ལ་ཕྱག་འཚལ་བའི་ལེའུ། གཤེབ་རབ་ཀྱིས་ཁབ་བཞེས་པའི་ལེའུ། གཤེན་རབ་ཀྱིས་སྲས་སྤྲུལ་པའི་ལེའུ། བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ལ་ཕྱག་འཚལ་བའི་ལེའུ། གཤེན་རབ་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་པས་སྣ་དགུ་སྡུག་པའི་ལེའུ། གཤེན་རབ་ཀྱི་འཁོར་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་པའི་ལེའུ།གཤེན་རབ་ཀྱི་ནོར་ལ་བདུད་ཀྱིས་ཆོ་འཕྲུལ་སྣ་དགུ་བསྟ྄ན་པའི་ལེའུ། གཤེན་རབ་ཀྱི་བསྟན་པ་རྣམ་གསུམ་རྗེས་བཞག་གི་ལེའུ། གཤེན་རབ་ཀྱིས་འགྲོ་བའི་དོན་དུ་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་ལེའུ། གཤེན་རབ་ཀྱིས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ལེའུ། སྟོན་པས་འཁོར་སྤངས་དགོན་པ་མཛད་པའི་ལེའུ། སྟོན་པ་མྱ་ངན་ལས་འདས་པའི་ལེའུ། སླད་ཀྱི་སྟོན་པ་ཅི་ལྟར་བྱོན་པའི་ལེའུ་བཅས་ལེའུ་བཅོ་བརྒྱད་ཙམ་ལ་བསྡུས་ཡོད་པ་དང་། འདི་ལས་རྒྱས་པའི་མཛད་རྣམ“དྲི་མེད་གཟི་བརྗིད”ཅེས་པ་གླེགས་བམ་བཅུ་གཉིས་ཅན་ཞིག་མཛད་ཡོད་པ་དང་། འདི་ལས་བསྡུས་པ་“མདོ་འདུས་”ཞེས་པ་དེ་ཡིན་ནོ།
ལོ་ཚིགས་ཀྱི་སྐོར་ནས་ཐོག་མར་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཉིད་ཀྱིས་ཞལ་ནས་གསུངས་པ་ནས་བཟུང། ད་བར་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་ཅིང་། བོན་གྱི་རིག་གནས་ནི་བོད་ཀྱི་གནའ་རབས་རིག་གནས་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེ་ཕྱོགས་ཀྱི་གསུང་རབ་མུ་མཐུད་པར་དུ་བསྐྲུན་པ་འདིས་དེང་རབས་གོང་དུ་འཕེལ་བཞིན་པའི་བོད་རིག་པའི་ཞིབ་འཇུག་གི་བྱ་བ་ལའང་མཐུན་རྐྱེན་བླ་ན་མེད་པ་སྦྱར་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་འཁུམས་སོ།