《འཚུབ་མ་ཁེར་རྐྱང》ཞེས་པའི་དཔེ་དེབ་ངོ་སྤྲོད་མདོར་བསྡུས།
《འཚུབ་མ་ཁེར་རྐྱང》།
《འཚུབ་མ་ཁེར་རྐྱང》ཞེས་པའི་དཔེ་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་བཞེས་པའི་བཀྲ་བྷ་ལགས་ཀྱིས་བརྩམས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
དཔེ་སྐྲུན་གསལ་བཤད།
དུས་རབས་གོང་མའི་ལོ་རབས80བའི་རྗེས་སུ། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ནི་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་རྫོགས་ལྡན་གསར་བའི་དུས་སྐབས་ཤིག་ལ་བསླེབས། ཕྱོགས་ཡོངས་དང་འཐུས་སྒོ་ཚང་བའི་ངང་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྣམ་པ་དང་ཆུ་ཚད་མངོན་པར་མཚོན་སླད། དཔེ་སྐྲུན་ཁང་གིས1991ལོ་དང2001ལོར་སྔ་གཞུག་བྱས་ནས《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》(པོད་བཅུ)དང《སྦྲང་ཆར་ལོ་འཁོར20དཔེ་ཚོགས》(པོད་བརྒྱད)ཞེས་པ་གཉིས་པར་སྐྲུན་བྱས་པས་སྤྱི་ཚོགས་སུ་གདེང་འཇོག་ཅུང་ལེགས་པོ་ཐོབ། དུས་རབས21པར་བསླེབས་པ་ན། བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལེགས་པོ་བྱུང་སྟེ། དུས་རབས་གོང་མའི་ལོ་རབས80བའི་སྨད་ཙམ་ལ་རྩོམ་སྟེགས་སུ་བུད་པའི་རྩོམ་པ་པོ་སྐོར་ཞིག་ལ་མཚོན་ན། དུས་རབས་གསར་བའི་ནང་དུའང་སྔར་བཞིན་དུངས་པའི་མཚོ་རླབས་མཁའ་ལ་འཕྱོ་ཞིང་རྩོམ་པའི་རྒྱུན་ལ་ཉམས་པ་མེད་པར། འབྲས་བུའི་ཁུར་གྱིས་དུད་པའི་གསར་རྩོམ་དང་ཤུགས་རྐྱེན་གྱི་ནུས་པ་སྲུང་འཛིན་བྱས་ཐོག མུ་མཐུད་དུ་རང་ཉིད་ལ་ཡར་སྐྱེད་ཆེན་པོ་འབྱུང་དུ་བཅུག་སྟེ་བརྩམས་ཆོས་གསར་བ་མང་པོ་འདོན་སྤེལ་གནང་འདུག ཁོང་ཚོ་ནི་བསམ་གཞིག་གཏོང་ལ་མཁས་ཤིང་འཚོལ་རྟོག་བྱེད་ལ་རིངས་པས། བརྩམས་ཆོས་ཀྱི་བསམ་བློའི་སྙིང་བོ་སྔར་ལས་ཕུན་སུམ་ཚོགས་པ་དང་། སྤྱི་ཚོགས་ཀྱི་དོན་སྙིང་མངོན་པ་སྔར་ལས་གཏིང་ཟབ་པ། སྒྱུ་རྩལ་གྱི་ཁྱད་ཆོས་སྔར་ལས་གསལ་ཞིང་གསར་བས། ཀློག་པ་པོའི་ཁྲོད་ཤུགས་རྐྱེན་ཆེར་འཕེལ་བ་དང་བསྟུན་ནས། བོད་ཀྱི་རྩོམ་རིག་གསར་རྩོམ་དཔུང་ཁག་གི་ལམ་སྣ་འཁྲིད་མཁན་དུ་གྱུར་འདུག དེ་ལས་ཀྱང་དགའ་འོས་པ་ཞིག་ལ། དུས་རབས་གསར་བའི་གོམ་འགྲོས་དང་བསྟུན་ནས་བསམ་བློའི་འཁྱུག་ཤེད་ཆེ་ཞིང་གསར་གཏོད་ཀྱི་བློ་སྤོབས་ལྡན་ལ། ལྟ་རྒྱ་དང་མཐོང་རྒྱ་ཆེ་བའི་རྩོམ་པ་པོ་གསར་བ་སྐོར་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རྩོམ་སྟེགས་ཀྱི་གྲུ་ག་སོ་སོར་མངོན་ཏེ། བོད་ཀྱི་རྩོམ་རིག་དཔུང་སྡེའི་རྒྱུན་འཛིན་མཁན་དུ་གྲུབ་པས། བོད་ཀྱི་རྩོམ་རིག་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་འགྲོ་བར་ནུས་སྟོབས་གསར་བ་བསྣན་པར་གྱུར།
དུས་རབས་གསར་བའི་བོད་ཀྱི་རྩོམ་པ་པོའི་གསར་རྩོམ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཆེད། 《དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང》ཞེས་པ་འདི་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་ཐག་གིས་བཅད། དེབ་ཕྲེང་འདིའི་ནང་དུ་དུས་རབས་གསར་བའི་ཚུན་ལ་གྲུབ་འབྲས་མངོན་གསལ་ཐོན་ཅིང་། ཁྱད་ཆོས་འབུར་དུ་ཐོན་པ། ཀློག་པ་པོའི་ཁྲོད་ཤུགས་རྐྱེན་ཅུང་ཆེ་བའི་རྩོམ་པ་པོ་དག་དམིགས་སུ་བཟུང་ནས། ཁོང་ཚོའི་བརྩམས་ཆོས་ལ་སྒོ་ཀུན་ནས་གསེད་ཤད་དང་ཕྱོགས་བསྡུས་བྱས་ཐོག་ལེགས་པའི་ལེགས་པ་བདམས་ནས་པར་སྐྲུན་བྱ་རྒྱུ་ཡིན། དེ་ནི་རྣམ་པ་ཅུང་རྒྱ་ཆེ་བའི་པར་སྐྲུན་འཆར་གཞི་ཞིག་ཡིན་ངེས་ན། 2009ལོ་ནས་མགོ་བརྩམས་ཏེ་ལོ་རེར་རྩོམ་པ་པོ་གསུམ་ནས་ལྔའི་བར་གྱི་བརྩམས་ཆོས་བདམས་ཏེ། ལོ་ལྔ་ཡས་མས་ཀྱི་དུས་ཡུན་ནང་དེབ་ཕྲེང་དེ་པར་སྐྲུན་བྱེད་པའི་འཆར་གཞི་མཇུག་འགྲིལ་བར་བྱ་རྒྱུ་བཅས་སོ།།
ཞེས་སྦྲང་ཆར་རྩོམ་སྒྲིག་ཁང་གིས།
2009ལོའི་ཟླ6པར།
དཀར་ཆག
སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།
ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ།
འཚུབ་མ་ཁེར་རྐྱང་།
ལམ།
མཇུག་བྱང་།