རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱི《བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས།
རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱི《བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས།
བོད་བཙན་པོའི་རྒྱལ་རབས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་གཅིག་གྱུར་གྱི་རྒྱལ་རབས་ཆེས་ཐོག་མ་དེ་ཡིན་ལ། སྐབས་དེའི་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་སྟེང་གི་དྲག་བཙན་རྒྱལ་ཁབ་ཆེན་པོ་དྲུག་གི་ཡ་གྱལ་ཡིན་ཞིང་། བོད་མི་རིགས་འདི་རིག་གནས་དང་ཆབ་སྲིད་ཉིས་ཐད་ནས་ཆེས་མཐོའི་གཅིག་གྱུར་ཡིན་པའི་མི་རིགས་རང་མཚན་པ་ཞིག་ཏུ་གྲུབ་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་རེད། དུས་སྐབས་དེར་བོད་ཀྱི་སྲིད་འབྱོར་རིག་གསུམ་སྒོ་ཀུན་ནས་འཕེལ་བའི་རྩེར་སོན་པ་ལས། དེ་མཐུན་གྱི་ལོ་རྒྱུས་ཡིག་ཚང་གྲ་རྒྱས་ལ་ཕུན་སུམ་ཚོགས་པ་ཞིག་བྱུང་ཞིང་། དེ་དག་ཀྱང་ཕྱི་རབས་བོད་མི“ཆོས་དད་ཅན”རྐྱང་གིས་བྲིས་པའི་ཡིག་ཆ་ནང་བཞིན་མ་ཡིན་པར་རིག་ཚན་རེ་རེའི་ནང་དོན་དང་རྩོམ་འབྲི་བྱེད་སྟངས་ལ་ཐུན་མོང་མིན་པའི་རང་བབ་ཀྱི་ཁྱད་ཆོས་མངོན་པར་འཕགས་པ་ཞིག་རེད།
སྐབས་དེའི་ལོ་རྒྱུས་ཡིག་ཚང་གཏོས་ཆེ་བའི་ཁྲོད། བཙན་པོའི་རྒྱལ་རབས་དུས་དང་དེའི་ཡར་སྔོན་གྱི་ས་མིང་མཚོན་པའི་ལོ་རྒྱུས་ས་ཁམས་ཐད་ཀྱི་ཡིག་ཆ་ཕུན་སུམ་ཚོགས་པ་ཡོད་ཅིང་། དེ་དག་ཀྱང་སྐབས་དེ་ཤེད་དང་དེ་ལས་སྔ་བའི་བོད་དང་འདབས་འབྲེལ་ས་ཁུལ་ཁག་གི་ལོ་རྒྱུས་གནས་ཚུལ་ལ་དཔྱོད་པའི་ཡིག་ཆ་རྩ་ཆེན་ཞེ་གཅིག་ཡིན་ནོ། ། ས་མིང་ཡིག་ཆ་ནི་མི་རིགས་ཤིག་གི་གནའ་རབས་ལོ་རྒྱུས་ལ་དཔྱོད་པ་དང་གནའ་བོའི་རུས་རྒྱུད་མཆེད་ཡུལ་ལ་བརྟག་པའི་གཞི་འཛིན་ས་ཡིན་པར་མ་ཟད། ད་དུང་མི་རིགས་དེའི་རིག་གནས་འཕོ་འགྱུར་དང་གཞན་དག་མི་རིགས་ལ་འབྲེལ་བ་བྱུང་བའི་ལོ་རྒྱུས་དོན་རྐྱེན་ལ་དཔག་པའི་དཔྱད་གཞི་གལ་ཆེན་ཞིག་ཀྱང་རེད། གནད་འདི་ལ་དམིགས་ནས། ཉེ་ལམ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོ་རྒྱུས་རིག་པའི་འབུམ་རམས་པ་ཕྱི་ཚར་རྨེ་རུ་ཡུལ་ལྷ་ཐར་ནས《བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག》ཅེས་པའི་རིག་གཞུང་ཆེད་དེབ་རྒྱ་ཡིག་མ་ཞིག་མཛད་དེ་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་འདུག
ཆེད་དེབ་འདི་ལེའུ་ལྔས་གྲུབ་པ་སྟེ། ལེའུ་དང་པོ་བོད་བཙན་པོའི་རྒྱལ་རབས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་འབྲེལ་བའི་བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་ས་མིང་གི་བྱུང་བ་དང་། (དེ་ཉིད་བོད་བཙན་པོའི་རྒྱལ་རབས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་གི་བྱུང་བ་སྟེ་ས་བཅད་གཉིས་ཀྱིས་གྲུབ།) ལེའུ་གཉིས་པ་བོད་ཀྱི་བརྡ་རྙིང་ཡིག་ཆ་ལས་བྱུང་བའི་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་།(དེ་ཉིད་དབུས་གཙང་གི་ས་མིང་དང་མདོ་ཁམས་ཁུལ་གྱི་ས་མིང་། བོད་ཀྱི་དབང་རིས་སུ་ཚུད་པའི་རྨ་ནུབ་ལུང་ཡུག་ནུབ་ལྗོངས་སོགས་ས་ཁུལ་གྱི་ས་མིང་སྟེ་ས་བཅད་གསུམ་གྱིས་གྲུབ།) ལེའུ་གསུམ་པ་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ལས་མངོན་པའི་ལོ་རྒྱུས་རིག་གནས་སྣང་ཚུལ།(དེ་ཉིད་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་དང་མི་རིགས་འབྲེལ་བ། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་དང་ལོ་རྒྱུས་དོན་རྐྱེན། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་དང་མི་རིགས་གནས་སྤོ། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་དང་དམག་དོན་འགུལ་བསྐྱོད། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་གི་སྐད་ཡིག་རིག་གནས་བརྟག་ཞིབ་བཅས་ས་བཅད་བཞིས་གྲུབ།) ལེའུ་བཞི་བ་རྒྱ་ཡིག་ཡིག་ཆ་ལས་བྱུང་བའི་བོད་འབྲེལ་ས་མིང་། ལེའུ་ལྔ་བ་བོད་བཙན་པོའི་རྒྱལ་རབས་དང་འབྲེལ་བའི་གནད་དོན་གཞན་དག་ཁག་ཅིག(དེ་ཉིད་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་གི་སྒྲིག་གཞི་དང་ཁྱད་ཆོས། མི་རིགས་ལོ་རྒྱུས་རྒྱབ་ལྗོངས་འོག་གི་བོད་བཙན་པོའི་རྒྱལ་རབས་ཀྱི་ས་མིང་། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་གིས་ཕྱིས་ཀྱི་བོད་སྐད་ས་མིང་ལ་ཐེབས་པའི་ཤུགས་རྐྱེན་བཅས་ས་བཅད་གསུམ་གྱིས་གྲུབ།)བཅས་སོ། །
ཆེད་དེབ་འདིས་ལོ་རྒྱུས་རིག་པ་དང་ས་མིང་རིག་པ། ཡིག་ཚང་རིག་པ་སོགས་དེང་རབས་རིག་གཞུང་ཞིབ་འཇུག་དཔྱད་ཐབས་ལ་བརྟེན་ཏེ་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ལ་ཆེད་དུ་མ་ལག་ཚང་བའི་ཕྱོགས་བསྡུས་ཞིབ་འཇུག་བགྱིས་ཡོད་པ་དང་། ཟུར་མི་འདྲ་བ་དང་བརྟག་ཐབས་མི་འདྲ་བས་དུས་སྐབས་དེའམ་དེ་ལས་སྔ་བའི་མདོ་དབུས་མཐོ་སྒང་དང་འདབས་འབྲེལ་ཡུལ་གྲུ་ཁག་གི་ས་མིང་ལ་དཔྱད་འགྲེལ་གནང་འདུག་པས། བོད་ཀྱི་ལོ་རྒྱུས་རིག་པ་དང་ས་མིང་རིག་པ། བོད་ཀྱི་བརྡ་རྙིང་ཡིག་ཆ་རིག་པ། ལོ་རྒྱུས་ས་ཁམས་རིག་པ་སོགས་ཀྱི་རིག་ཚན་འཛུགས་སྐྲུན་ལ་བསུབ་ཐབས་བྲལ་བའི་མེད་པ་ཁ་བསྐངས་ཀྱི་ནུས་པ་བཏོན་འདུག གཞན་ཡང་། དེབ་འདིས་དེ་སྔ་ཞིབ་འཇུག་གནང་རིགས་ཀྱི་རྒྱ་བོད་ཡིག་ལམ་ཁག་ཏུ་འཁོད་པའི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དང་ས་མིང་ངོས་འཛིད་ཐད་ལ་བྱུང་བའི་ནོར་བ་ཅི་སྙེད་ཅིག་ཡོ་བསྲང་ཡོད་པའི་ཐོག དཔྱད་ཐབས་གསར་བའི་ཞིབ་འཇུག་གི་སྒོ་མོའང་ཕྱེ་ཡོད་པ་རེད།