logo

མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲིག་གནང་བའི་དམངས་ཁྲོད་གཏམ་དཔེ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-08 ཀློག་གྲངས།:

མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲིག་གནང་བའི་དམངས་ཁྲོད་གཏམ་དཔེ།
མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲིག་
གནང་བའི《དམངས་ཁྲོད་གཏམ་དཔེ》།
    
(འདི་མནན་ན་ཀློག་རྡུལ་དཔེ་དེབ་ལ་གཟིགས་ཐུབ)

         ད་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲིག་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་བའི《དམངས་ཁྲོད་གཏམ་དཔེ》ཞེས་པར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད། དེ་ཡང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློས་དམངས་ཁྲོད་གཏམ་དཔེ་ཞེས་པར་འགོ་བརྗོད་ཀྱི་ཕྱག་བྲིས་གནང་།


མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲིག་གནང་བའི
《དམངས་ཁྲོད་གཏམ་དཔེ》ཞེས་པའི་རྒྱབ་ཤོག

དམངས་ཁྲོད་གཏམ་དཔེའི་འགོ་བརྗོད།

         མང་རྫོང་ས་ཁུལ་གྱི་དམངས་རྩོམ་དཔེ་ཚོགས་འདི་ནི་སྒང་བ་བོད་ཀྱི་རིག་གཞུང་ལ་ཤ་ཚ་ཞིང་། དུས་གཟེར་བསྐལ་ངན་གྱི་མར་ངོའི་ཟླ་ལ་མི་བཟོད་པའི་ཞེན་དུང་སྙིང་ནས་འཛའ་བ། སྣ་གང་ཐད་ནས་བོད་ཀྱི་རིག་གཞུང་ལ་བདག་པོ་ཡག་པོ་བྱེད་དགོས་སྙམ་པའི་ལྷག་བསམ་གསེར་རི་ལྟར་བརྟན་པའི་མང་ཡུལ་རིག་གཞུང་སྨྲ་བ་སྐོར་ཞིག་གིས་རང་ལ་བབ་འོས་ཀྱི་འགན་གཙོ་བོ་བོད་འདིའི་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་ཀྱི་ལས་བདག་གིར་ལེན་པའི་བསམ་པ་རྣམ་པར་དག་པས་གཞི་བཟུང་། སྒོས་སུ་མེས་པོ་གོང་མ་རྣམས་ཀྱི་ཞལ་ནས་ཞལ་དུ་བརྒྱུད་དེ་མ་ཉམས་པར་བཞུགས་པའི་ངག་རྒྱུན་དང་། རིམ་བཞིན་ཉམས་ཉེན་ཆེ་བའི་དམངས་རྩོམ་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ནོ།།
         འཇམ་མགོན་བླ་མ་ཙོང་ཁ་པས། གང་གང་རྐྱེན་ལ་རག་ལས་པ།། དེ་དེ་རང་བཞིན་གྱིས་སྟོང་ཞེས།། གསུངས་པ་འདི་ལས་ཡ་མཚན་པའི།། ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། ཅེས་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཐམས་ཅད་སྟོང་བ་རྟེན་འབྲེལ་དུ་བསྡུས་ཏེ་གསུངས་པ་འདི་ལས་ངོ་མཚར་བ་གཞན་མེད་པ་དང་། ལྷག་པར་དུ་བྱ་བ་གང་དང་གང་ཞིག་ཡིན་རུང་རྒྱུ་རྐྱེན་ངེས་ཅན་ཞིག་བསགས་ན་འགྲུབ་ངེས་པ་ལས་རྒྱུ་དང་རྐྱེན་གང་ཡང་མ་བསགས་པར་རང་གྲུབ་ལྟར་རང་བཞིན་གྱིས་གྲུབ་པ་ཞིག་གཏན་ནས་མེད་པར་གསུངས་པ་ཡིན་ནོ།། དེས་ན་དཔེ་ཚོགས་འདིར་མཚོན་ནའང་རྒྱུ་རྐྱེན་གང་མང་ཞིག་བསགས་སྟོབས་ཀྱི་འབྲས་བུ་ཡིན་པ་བཤད་མ་དགོས་མོད། ཕྱོགས་གང་ཐད་ནས་རང་སའི་རིག་གཞུང་ལ་བདག་པོ་ཡག་པོ་རྒྱག་ཨེ་ཐུབ་ཏུ་ཟླ་ལོ་མང་པོར་དཀའ་བ་ཁྱད་དུ་བསལ་བའི་འབད་པ་དེ་ནི་ཤིན་ཏུ་ངོ་མཚར་བའི་བུ་རྟགས་ཤིག་ཏུ་མཐོང་། མཁས་དབང་མི་ཕམ་པས། མཁས་རྣམས་རང་ཉིད་སྟོབས་ལྡན་ཀྱང་།། བག་ཡོད་སྒོ་ནས་ཕས་རྒོལ་སྲུང་།། བླུན་རྣམས་རང་ཉིད་སྟོབས་ཞན་ཀྱང་།། མི་ཤེས་རློམ་བཞིན་དོགས་མེད་གནས།། ཞེས་གསུངས་པ་ལྟར་མཁས་བླུན་གང་ཡིན་རུང་རང་རང་གིས་སྲུང་ཐུབ་པའི་ང་རྒྱལ་བཟང་བོ་ངེས་པར་ཡོད་དགོས་ལ། ང་རྒྱལ་དེ་ཡང་དགེ་ཆོས་ཀྱིས། ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་ནས།། ཁ་བཙན་ཅན་གྱི་སྐྱེ་བོ་མང་ན་ཡང་།།  ག་ལེར་བསམ་ན་རང་རེའི་ཐ་སྙད་པའི།། ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན།། ཞེས་པ་ལྟ་བུའི་དོན་གྱི་ང་རྒྱལ་ཞིག་རིག་གཞུང་སྨྲ་བ་ཐམས་ཅད་ལ་ཡོད་དགོས་ཤིང་། དེའི་ངོས་ནས་འུ་ཅག་མགོ་ནག་བོད་མིའི་ལས་ཀ་ཐམས་ཅད་ཀྱི་ནང་ནས་རིན་ཐང་ཆེ་བའང་རིག་གཞུང་ལ་ཤ་ཚ་ཞིང་སྙིང་ཉེ་བ་དེ་ཡིན་དགོས། དེའི་ཕྱིར་སྣ་སྒོར་མོ་ནས་བོད་སའི་རིག་གཞུང་གང་ཐད་ཀྱི་ཟུར་ཙམ་ལའང་དཔྲལ་བའི་མིག་དང་ཁོང་བའི་སྙིང་བཞིན་དུ་གཅེས་པའི་འདུ་ཤེས་ཟབ་མོ་ཞིག་གི་གཞིར་ཡི་གེའི་གཟུགས་སུ་འགོད་རྒྱུ་དེ་ནི་བླ་མེད་ཀྱི་བྱས་རྗེས་ཤིག་ཏུ་མཐོང་ངོ་།།
         ཉུང་ངུས་བསྒྲུབ་ན་བགྱིད་དཀའ་ཞིང་།།  མང་པོས་བསྡོམ་ན་བདེ་བླག་ཉིད།། ཅེས་པ་ལྟར་མང་རྫོང་གངས་རི་བ་མང་པོ་ཞིག་གི་འབད་བརྩོན་གྱི་རྒྱུ་ཉེར་ལེན་དམ་པ་དང་། སྐབས་དོན་ལྷན་ཅིག་པའི་རྒྱུ་ཤེས་ཡོན་ཅན་མང་པོ་ཞིག་འཛོམས་ན་དེའི་འབྲས་བུར་སྒང་པ་བོད་པའི་རིག་གཞུང་ལ་ཞབས་འདེགས་ཡག་པོ་ཞིག་གི་གྲོགས་སུ་དཔེ་ཚོགས་འདི་ཡང་འགྲོ་ངེས་པར་མ་ཟད། དུས་མཐའ་ངན་པའི་ར་རོ་ལྐོག་ཏུ་རུལ་བ་སུས་ཀྱང་མངོན་སུམ་དུ་མཐོང་དཀའ་བའི་བྱ་བྱེད་སྐྱི་ཡ་བ་མང་པོ་རིམ་གྱིས་སྡེར་མོ་སྤུ་ཚང་ནས་བུད་པ་ལྟར་ཐམས་ཅད་ཀྱིས་ཤེས་ཤིང་གནད་གོ་ཡོང་བ་དེ་རེད། དེ་ལྟ་ན་ཀུན་གྱིས་རང་ས་ནས་རང་བདག་ཡག་པོ་ཞིག་བྱེད་དགོས་པ་ཉིད་དུ་འདུག་སྟེ། བླ་མ་ཡོད་དུས་དད་པ་མེད།། དད་པ་ཡོད་དུས་བླ་མ་མེད།། ཟེར་བའི་འཇིག་རྟེན་རྒན་པོའི་ཚད་མར་འགྲོ་བའི་ཆགས་སྒོ་ཞིག་མི་ཡོང་ཐབས་མེད་ཡིན་ཕྱིར་ཀུན་གྱིས་གཟབ་ས་དམ་པའོ།།
         བོད་མཁས་པས། ངོམས་པ་མེད་པར་འདོད་པའི་ཡུལ་ཀུན་ལ།། འགྱུ་བའི་རྦ་རླབས་འགྲེམས་པ་ཡིད་ཀྱི་མཚོར།། དུག་གསུམ་གདེངས་ཅན་གླལ་བའི་རོ་འཛིན་པ།། ཐར་འདོད་རྣམས་ལ་འཇིགས་རུང་གཤེད་མ་ཉིད།། ཅེས་གསུངས་པ་ལྟར་འགྲོ་བ་མིའི་རིགས་ལྟ་ཅི། དུད་འགྲོ་གནག་གིས་ཀྱང་མྱོང་བར་མི་འདོད་པ་ནི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས་ཀྱང་ཐོབ་ཤོར་གྱི་སྡུག་བསྔལ་འདི་ཤིན་ཏུ་འཇིགས་སུ་རུང་བ་ཀུན་གྱིས་ཤེས་པས། སྔར་ཡོད་དར་རྒྱས་སུ་གཏོང་བ་རྣམས་ཀྱིས་ངོམས་མེད་དུག་གསུམ་གླལ་བའི་ཟས་སུ་མི་འབུལ་བར་རང་ས་ནས་རང་རྩལ་ཞིག་ངོམ་དགོས་པ་སྟེ། ལྕགས་མིན་ལྕགས་ཀྱི་ཡིད་རང་ཁང་བཟང་དུ།། དུག་མིན་དུག་གི་བློ་བཟང་དམ་བཅའི་དཔུང་།། མཐུན་མིན་མཐུན་པའི་སྒྱུ་འཕྲུལ་སྙིང་རྗེའི་གར།། སྒྱུར་ལ་སྒྱུར་བའི་རང་ཚུགས་མི་འདོར་གལ།། ཞེས་སུའང་སྨྲ་བར་འོས་སོ།།(ཞེས་པ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས་ཡུལ་ལན་ཀྲུའི་རང་ཤག་བདེ་གླིང་ནས་བྲིས།)

 


འབྲེལ་ཡོད་འོས་སྦྱོར།