བཀའ་བསྟན་དཔེ་བསྡུར་མ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
བཀའ་བསྟན་དཔེ་བསྡུར་མ།
གཅིག བཀའ་འགྱུར(དཔེ་བསྡུར་མ།)
དེ་ཡང་རྒྱལ་པའི་བཀའ་རྣམས་བོད་གངས་ཅན་པའི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུར་ཞེས་ཡོངས་སུ་གྲགས་ཤིང་། ལོ་རྒྱུས་ཀྱི་ཐོག་ཏུ་འཛམ་གླིང་ཡོངས་ལ་བོད་ཡིག་གི་བཀའ་འགྱུར་པར་ཤིང་སྣ་ཁ12ཙམ་བྱུང་ཡོད། འདིར་རིན་ཐང་ལ་དམིགས་ནས་པར་མ་ཁག་བརྒྱད་དེ་སྡེ་དགེ་དང་། གཡུང་ལོ། ལི་ཐང་། པེ་ཅིན། སྣར་ཐང་། ཅོ་ནེ། ཁུ་རེ། ཞོལ་པར་མ་བཅས་ཕན་ཚུན་དཔེ་བསྡུར་ཞུས་ཤིང་། དེ་ལས་སྡེ་དགེ་བཀའ་འགྱུར་བསྡུར་གཞིར(གཞུང་ཡིག་ཏུ)བཟུང་བ་དང་། པར་མ་གཞན་པ་ཁག་བདུན་ཟུར་བལྟའི་པར་གཞིར་བཟུང་བ་ཡིན། གང་ཟུར་བལྟའི་པར་མའི་ནང་དུ་ཆོས་ཚན་དང་། ལེའུ། ཚིག་འབྲུ་སོགས་ཆད་ལྷག་དང་། མི་འདྲ་བ་། བསྐྱར་ཟློས། གོ་རིམ་འཁྲུགས་པ་བྱུང་བ་རྣམས་བསྡུར་གཞིའམ་གཞུང་ཡིག་གི་བསྡུར་མཆན་དང་བསྡུར་འབྲས་རེའུ་མིག་ཏུ་མཆན་བཏབ་ཡོད་ལ། རིམ་པར་འདུལ་བ། ཤེར་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ། རྒྱུད་འབུམ་དང་དཀར་ཆག་བཅས་སྡེ་ཚན་ཆེན་པོ་བདུན་དུ་ཕྱེ་ནས་བསྒྲིགས་ཡོད།
མདོར་ན་སྔོན་གྱི་མ་དཔེ་རྣམས་ལས་ཆ་ཚང་བ་དང་། སྤུས་དག་ལ་ཚད་ལྡན་དུ་གྱུར་པ། ལྟ་ཀློག་དང་འཚོལ་བཤེར་བདེ་བ་ཞིག་ཡིན་པར་མ་ཟད། ནང་དོན་ཐོག་བཅོས་བསླད་རྩ་བ་ནས་མེད་པ་གཞིར་བྱས། དཔེ་སྐྲུན་ཐད་དེང་རབས་ཀྱི་དགེ་མཚན་རྣམ་པར་སྤྱད་དེ་པར་སྐྲུན་ཞུས་ཡོད།
བཀའ་འགྱུར་དཔེ་བསྡུར་མ་འདི་མ་དཔེའི་གླེགས་བམ་རེ་དེབ་རེ་བྱས་ཏེ་བསྒྲིགས་ཡོད་པ་དང་། དེབ་རེར་ཆ་སྙོམས་ཀྱི་ལྡེབ་གྲངས900ཙམ་ཡོད་ལ། དེབ་ཀྱི་མཛེས་བཀོད་ཕལ་ཆེར་བསྟན་འགྱུར་དཔེ་བསྡུར་མ་དང་འདྲ། དཀར་ཆག་དེབ2དང་གཞུང་དངོས་དེབ106བཅས་ཁྱོན་བསྡོམས་དེབ108ཡོད། 2008ལོའི་ཟླ10བར་བཀའ་བསྟན་དཔེ་བསྡུར་མ་ཡོངས་རྫོགས་པར་སྐྲུན་བྱས་ཚར་ཞིང་། ད་ལྟ་དངོས་སུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམས་སྤེལ་བྱེད་བཞིན་ཡོད།
གཉིས། བསྟན་འགྱུར(དཔེ་བསྡུར་མ།)
དེ་ཡང་སངས་རྒྱས་ཀྱི་བཀའ་བོད་ཀྱི་སྐད་དུ་འགྱུར་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བཀའ་འགྱུར་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་དབྱེ་ཡོད་ཅིང་། རིམ་པར་འདུལ་བ་དང་། ཤེར་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ། རྒྱུད་འབུམ། དཀར་ཆག་བཅས་སྡེ་ཚན་ཆེན་པོ་བདུན་དུ་ཕྱེས་ནས་བསྒྲིགས་ཡོད། དུས་རབས་རིམ་བྱུང་གི་རྒྱ་བོད་ཀྱི་ལོ་པཎ་རྣམས་ཀྱིས་བརྩམས་པའི་བཀའི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྟན་འགྱུར་ལ་མཚན་ཉིད་རིག་པ་དང་། གཏན་ཚིགས་རིག་པ། གནམ་རིག་སྐར་རྩིས། རྩོམ་རིག སྒྱུ་རྩལ། སྐད་ཡིག གསོ་རིག བཟོ་སྐྲུན་སོགས་ནང་དོན་འདུས་ཡོད་ཅིང་། རིམ་པར་བསྟོད་ཚོགས། རྒྱུད། ཤེར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། འཕྲིན་ཡིག ཚད་མ། སྒྲ། གསོ་བ། བཟོ། ལུགས་ཀྱི་བསྟན་བཅོས། སྣ་ཚོགས། ཇོ་བོའི་ཆོས་ཆུང་དང་དཀར་ཆག་བཅས་ཏེ་སྡེ་ཚན་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ཏེ་བསྒྲིགས་ཡོད།
བསྟན་འགྱུར་དཔེ་བསྡུར་མ་འདིའི་བསྡུར་གཞིའམ་གཙོ་གཞི་ནི་སྡེ་དགེའི་བསྟན་འགྱུར་དང་། པེ་བསྟན་དང་སྣར་བསྟན། ཅོ་བསྟན་གསུམ་ཟུར་བལྟའི་པར་གཞི་བྱས་ཏེ་ཕན་ཚུན་བསྡུར་ནས། གང་མི་འདྲ་བ་དང་ལྷག་ཆད་ཡོད་པའི་ཡིག་འབྲུ་དང་ཚིག ཆོས་ཚན་རྣམས་བསྡུར་མཆན་དང་བསྡུས་འབྲས་རེའུ་མིག་ཏུ་བཀོད་ཡོད་པས། དཔེ་བསྡུར་མ་འདི་ལ་པར་གཞི་གཅིག་ཡོད་ཀུན་འདུས་ཀྱི་ཁྱད་ཆོས་ལྡན་པ་དང་། རིག་གཞུང་ཞིབ་འཇུག་གི་དཔྱད་གཞིར་འཛིན་ཆོག་པ་མ་ཟད། དགོན་པའི་ནང་རྟེན་སོགས་ཀྱང་བྱེད་ཆོག
བསྟན་འགྱུར་དཔེ་བསྡུར་མ་འདི་མིག་སྔར་རྒྱལ་ཁབ་ཕྱི་ནང་དུ་ཆེས་ཆ་ཚང་ཞིང་སྐད་གྲགས་ཆེ་བའི་བསྟན་འགྱུར་དཔེ་གསར་ཞིག་ཡིན་ལ། དཔེ་ཆ་ཐམས་ཅད་གློག་ཀླད་ཀྱིས་པར་སྒྲིག་བྱས་ཡོད། ཡིག་གཟུགས་མཛེས་ཤིང་དཔར་གྱི་བཀོད་སྒྲིག་ལེགས་པ། ཞུ་དག་གཏན་འབེབས་ཏན་ཏིག་བགྱིས་པ། བར་བཅུག་ཐང་གའི་མདངས་ཉམས་བཀྲ་བ་བཅས་ཀྱི་ཁྱད་ཆོས་ལྡན་ནོ།།
བསྟན་འགྱུར་དཔེ་བསྡུར་མའི་དེབ་ཕལ་ཆེར་ནི་མ་དཔེའི་གླེགས་བམ་གཉིས་རེ་དེབ་རེ་བྱས་ནས་བསྒྲིགས་པས། དེབ་རེར་ཆ་སྙོམས་ལྡེབ་གྲངས1500ཡོད་ཅིང་། དཀར་ཆག་དེབ4བཅས་བསྡོམས་པའི་དེབ124ཡོད།
ཟུར་བཤད།
བཀའ་འགྱུར་དཔེ་བསྡུར་མ་དེབ་སྤུས་ལེགས་ཆ་ཚང་ལ་རིན་གོང་མི་དམངས་སྒོར45000དང་དེབ་རྩེ་གྲ་ཆ་ཚང་ལ་སྒོར55000ཡིན།
བསྟན་འགྱུར་དཔེ་བསྡུར་མ་དེབ་སྤུས་ལེགས་ཆ་ཚང་ལ་རིན་གོང་མི་དམངས་སྒོར52000དང་དེབ་རྩེ་གྲ་ཆ་ཚང་ལ་སྒོར69000ཡིན།
འབྲེལ་གཏུག་བྱ་ཡུལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ཁ་པར། 01064971781