《ས་སྐྱ་ལེགས་བཤད》ཉི་འགྱུར་མ་མཚམས་སྦྱོར་མདོར་བསྡུས།

《ས་སྐྱ་ལེགས་བཤད》ཉི་འགྱུར་མ།
མཛད་པ་པོ་ས་སྐྱ་པཎྜི་ཏ(1182-1251)ནི་དུས་རབས13པའི་ནང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་བརྡ་སྤྲོད་རིག་པ་དང་གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་ལ་སྦྱོང་བ་དཔྱིས་ཕྱིན་པ་མཛད་དེ་རྣམ་དཔྱོད་ཤེས་རབ་ཀྱིས་དུས་སྐབས་དེའི་བོད་མིའི་རིག་གནས་སེམས་ཁམས་ལ་འགྱུར་བ་བཏང་མྱོང་ལ། ད་ལྟའི་དུས་རབས་འདིའི་ནང་དུ་ཡང་མཁས་པའི་དབང་བོ་ཁོང་ཉིད་ཀྱིས་མཛད་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་གཞུང་སྟེ《ས་སྐྱ་ལེགས་བཤད་རིན་པོ་ཆེ་གཏེར》འདི་ཉིད་ཀྱིས་མིའི་རིགས་ཀྱི་ཀུན་སྤྱོད་ལ་མཛེས་པ་གྱ་ནོམ་པ་ཞིག་སྩོལ་ཐུབ་པའི་ཡིད་ཆེས་དང་གདེང་སྤོབས་དེ་རྗེས་རབས་པ་ཚོར་ཡོད་ཆོག་ཆོག་རེད།
བསྟན་བཅོས་འདིའི་བརྗོད་བྱའི་ནང་དོན་གྱི་ཆ་ལ་དུས་རབས་ཀྱི་ཚད་བཀག་ཐེབས་པ་ཉུང་ལ། རབ་བྱེད་དགུའི་བདག་ཉིད་ཅན་གྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་འདིའི་ནང་གི་མཁས་པ་བརྟགས་པ། ཡ་རབས་བརྟགས་པ། བླུན་པོ་བརྟགས་པ། སྤེལ་མ་བརྟགས་པ། ངན་སྤྱོད་བརྟགས་པ། རང་བཞིན་གྱི་ཚུལ་བརྟགས་པ། མི་རིགས་པའི་ཚུལ་བརྟགས་པ། བྱ་བ་བརྟགས་པ། ཆོས་བརྟགས་པ་སོགས་རིག་གནས་དགག་སྒྲུབ་དང་འཚོལ་རྟོག་བསམ་བློ་དེ་མིའི་རིགས་ཀྱི་རིག་གནས་ཕོ་བྲང་ནང་དུ་ནམ་ཡང་གཟིམ་མི་སྲིད་པའི་མར་མེ་འོད་ཆེན་ཞིག་ཡིན་པར་སྙམ།

《ས་སྐྱ་ལེགས་བཤད》ཉི་འགྱུར་མའི་ནང་ངོས།
བསྟན་བཅོས་འདི་རྩོམ་པའི་རྒྱབ་ལྗོངས་ལ་བལྟས་ན་རྩོམ་པ་པོ་ཁོང་ཉིད་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་ཏའི་སྲས་གོ་དན་ལ་ཡོན་མཆོད་ཀྱི་འབྲེལ་བ་ཆགས་ནས་བོད་དུ་དཔོན་རིགས་བསྐོ་ལུགས་དང༌། ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ་བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་རྨ་ཁ་ཉུང་བའི་སྒོ་ནས་ཆབ་སྲིད་ཀྱི་དབང་བསྒྱུར་བའི་ཉམས་མྱོང་སོགས་གཞི་བྱས་བ་ཞིག་ཡིན་པས། ཁོང་གིས་རིག་པའི་རྩལ་དང་མི་ཚེ་ཉམས་མྱོངས་ལ་སྦྱར་ནས་མཛད་པའི་བསྟན་བཅོས་རིན་པོ་ཆེ་འདི་ཉིད་ད་ལྟའི་དུས་རབས་འདིའི་མི་རྣམས་ཀྱི་བསམ་བློའི་བཅུད་དུ་སྨིན་པ་གདོན་མི་ཟའོ།།
དེར་བརྟེན། བསྟན་བཅོས་འདི་ཉིད་ཡིག་རིགས་མང་པོར་བསྒྱུར་ནས་བསྟན་བཅོས་འདིའི་རིན་ཐང་དང་དགེ་མཚན་ཕྱིར་མངོན་འདུག་ལ། ནུབ་ཕྱོགས་རིག་གནས་ཀྱི་ཡོ་ལང་འཕྱུར་བའི་དུས་དེ་རིང་། ཉི་ཧོང་ལྟ་བུའི་ནུབ་ཕྱོགས་རིག་གནས་ཀྱི་མཁའ་དབུགས་སྟུག་པོའི་ལུང་པ་འདིའི་ནང་དུ་མཁས་དབང་ཁོང་གི་བསྟན་བཅོས་ཉི་ཡིག་ཏུ་བསྒྱུར་བ་དེ་དངོས་གནས་དགའ་འོས་པ་ཞིག་རེད། བསྟན་བཅོས་འདི་མིང་ལ་ཨེ་མ་ཨེ་ཟླ་ཡོ་ཞུས་རའོ་ཟེར་བའི་ཉི་ཧོང་གི་མཁས་མིང་འཛིན་པ་ཞིག་གིས་ཉི་ཡིག་ལ་བསྒྱུར་འདུག
བསྟན་བཅོས་འདི་ཉི་ཡིག་ལ་འགྱུར་ནས་པར་སྐྲུན་བྱས་པ་འདས་པའི་ལོ10ཡི་ཡར་སྔོན་ཏེ། 2002ལོར་ཉི་ཧོང་རྒྱལ་ཁབ་ཏུ་པར་སྐྲུན་བྱས་ཏེ《འཛམ་གླིང་བསྟན་བཅོས་གྲགས་ཅན》ཟེར་བའི་དཔེ་ཚོགས་དེའི་ནང་དུ་བསྡུས་འདུག བསྒྱུར་པ་པོ་ཁོང་ནི་བོད་རིག་པའི་མཁས་མཆོག་དང་། བོད་ཀྱི་རིག་གནས་སྤྱི་ལ་རྒྱུས་མངའ་ཡོད་པ་ཞིག་རེད། ཉི་འགྱུར《ས་སྐྱ་ལེགས་བཤད》འདི་ཁ་གསལ་ཞིང་ཀློག་བདེ་བས་ཉི་ཧོང་སྐད་ཡིག་ལ་སྦྱངས་པ་མཛད་པའི་ལས་དང་པོ་བ་རྣམས་ཀྱིས་ལྟ་ཀློག་བྱེད་བདེ་བའི་དཔེ་དེབ་ལེགས་པོ་ཞིག་ཡིན་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བསླབ་པ་དོན་གཉེར་མི་བྱེད་པར་ནུབ་ཕྱོགས་རིག་གནས་ལ་བག་ཆགས་ཅུང་ཙམ་བཞག་སྟེ་བོད་ཀྱི་རིག་གནས་ལ་འཚེ་བ་དང་རྒོལ་བ་བྱེད་པའི་མི་བུ་དག་ལ《ས་སྐྱ་ལེགས་བཤད》ལྟ་བུའི་བསྟན་བཅོས་ཆེན་མོ་འདི་ཉིད་ནུབ་ཕྱོགས་རྒྱལ་ཁབ་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་དགའ་བསུ་ཆེ་ཆེར་བྱེད་ཀྱིན་པ་དེ་བློ་གསལ་ཕུད་བའི་ཚུལ་དུ་བྲིས་པའོ།།
