《བྱ་ཆུའི་འགྱུར་ཁུགས》པར་སྐྲུན་གྱི་ལོ་རྒྱུས་མདོར་བསྡུས།

2012ལོར་པར་བསྐྲུན་གནང་བའི《བྱ་ཆུའི་འགྱུར་ཁུགས》།
བྱ་ཆུའི་འགྱུར་ཁུགས་ཞེས་པ་འདི་ནི་སྤྱི་ལོ2000ལོའི་ཡར་སྔོན་ནས་བཟུང་མང་རྫོང་བོན་སྐོར་སྡེ་བའི་གྲྭ་བཙུན་དང་། བློ་གསལ་གཞོན་ནུ་འགའ་ཞིག་གི་ཐུགས་རྒྱུད་ལས་དང་བོར་ཚགས་པར་གྱི་ལམ་ནས་རྒྱ་ཆེའི་ཀློག་མཁན་ཚོའི་སྤྱན་སྔར་ཕུལ་ཏེ་དགའ་བསུ་ཆེན་པོ་ཐོབ།
སྤྱི་ལོ2004ནས2005བར་ལ་ས་གནས་མང་ཚོགས་ཀྱི་རོགས་རམ་འོག་བསྟུད་མར་བགྲང་བྱ་གསུམ་ལ་དུས་དེབ་ཀྱི་ལམ་ནས་འགྲེམ་སྤེལ་པར་བསྐྲུན་བྱས། དེ་ནས་སྤྱི་ལོ2008ནས2010བར་ལ་ས་གནས་ཀྱི་ཆ་རྐྱེན་དང་དཔལ་འབྱོར་སོགས་རྐྱེན་དུ་མའི་དབང་གིས་པར་བསྐྲུན་བྱེད་ཐུབ་པ་མ་བྱུང་།

དུས་སྐབས་རེ་རེར་པར་བསྐྲུན་གནང་བའི《བྱ་ཆུའི་འགྱུར་ཁུགས》།
སྤྱི་ལོ2011ལོར་མང་རྫོང་མཛའ་མཐུན་དགེ་རྩ་ཚོགས་པས() དུས་དེབ་འདི་ཉམ་ཉེས་སུ་འགྲོ་བར་སེམས་ཀྱིས་མ་བཟོད་པར། འགན་འཁྲི་ལྕི་མོ་འདི་མ་བསྐུལ་དང་ལེན་བྱས་ནས2012བར་བསྟུད་མར་འགྲེམ་སྤེལ་པར་བསྐྲུན་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་དང་སྒེར་གྱི་གཙོ་སྒྲུབ་བྱས་པའི་དྲ་ཚིགས་དང་དཔེ་མཛོད་ཁང་སྟེ། དབྱིན་ཇིའི་ཅན་ཆའོ་སློབ་གྲྭ་ཆེན་མོའི་དྲ་ཚིགས། དང་། དབྱིན་ཇིའི་ཡེ་ལི་སློབ་གྲྭ་ཆེན་མོའི་དྲ་ཚིགས། བཅས་ཀྱིས་བཙུགས་པའི་ཧི་མ་ལ་ཡ་གློག་རྡུལ་དཔེ་མཛོད་ཁང་གི་དྲ་ཚིགས། སོགས་ནས་ཀྱང་ཀློག་ཐུབ་པར་བྱས་ཡོད།
དུས་དེབ་འདིའི་དམིགས་ཡུལ་གཙོ་བོ་ནི་ས་གནས་སློབ་མ་རྣམས་གཙོ་བྱས་པའི་རྩོམ་པ་པོ་དང་ཡོན་ཏན་པར་རང་གི་སྨྱུག་རྩེ་ནས་འཁྲུངས་པའི་བོད་ཡིག་གི་ལྷུག་རྩོམ་དང་སྙན་ངག དཔྱད་རྩོམ་སོགས་སྤེལ་སའི་སྟེགས་བུ་ཞིག་བསྐྲུན་པ་ཡིན། སྟེགས་བུ་འདིར་བརྒྱུད་ནས་ཕན་ཚན་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས། ཤེས་བྱ་གསར་བ་དྲིལ་བསྒྲགས་སོགས་མདོར་ན་སློབ་གསོའི་རིན་ཐང་རྟོགས་ཆེད་ཡིན།
མ་འོངས་པར་མུ་མཐུད་དུ་བོད་ཁམས་ཡོངས་ལ་ཁ་གཏད་ནས་རྩོམ་ཡིག་བསྡུ་རྒྱུ་ཡིན་པ་མ་ཟད། སློབ་གསོ་གཙོར་བཟུང་ནས་རྩོམ་ཡིག་བསྡུ་རྒྱུ་ཡིན་པས། རྒྱ་ཆེའི་སྨྱུག་ཐོགས་པ་ཚོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་མཛའ་མཐུན་དགེ་རྩ་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ་བ་ལེགས། རྩོམ་པ་པོས་རང་གི་རྩོམ་ལ་དང་དོད་དང་ཞུ་དག་གང་ལེགས་བགྱིད་རྗེས་ཧི་གཟུགས་གྱིས་གཏགས་ནས་གཤམ་གྱི་གླེང་མོལ་བྱང་བུའམ་གློག་རྡུལ་ཡིག་ཟམ་སྟེང་བསྐུར་རོགས་གནང་།
qq: 420686812
གློག་རྡུལ་ཡིག་ཟམ། nangchukja@friendshipcharity.org
