logo

ཉི་ལུའུ་ཧྭ་ཡི་ཆེད་དཔེ《བོད་ཀྱི་མནའ་བསྐྱལ་བར་དཔྱད་པ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-23 ཀློག་གྲངས།:


ཉི་ལུའུ་ཧྭ་ཡི་ཆེད་དཔེ《བོད་ཀྱི་མནའ་བསྐྱལ་བར་དཔྱད་པ》། 

          ཉེ་ཆར།  བོད་རིགས་ཤེས་ཡོན་པའམ་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཉི་ལུའུ་ཧྭ་ཡི་ཆེད་སྒྲིག་བརྩམས་ཆོས《བོད་ཀྱི་མནའ་བསྐྱལ་བར་དཔྱད་པ》ཞེས་པ་ཀྲུང་གོ་སྤྱི་ཚོགས་ཚན་རིག་འབུམ་རམས་པའི་དཔྱད་རྩོམ་རིག་མཛོད་དུ་ཚུད་ཅིང་།  ཀྲུང་གོ་སྤྱི་ཚོགས་ཚན་རིག་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་བ་རེད། 
          ཆེད་སྒྲིག་བརྩམས་ཆོས་འདི་ནི་ཀྲུང་གོའི་ཁྲིམས་ལུགས་རིག་གནས་རྒྱབ་ལྗོངས་བྱས་ཏེ་ཅུང་གཏོང་ཟབ་པའི་སྒོ་ནས་བོད་ཀྱི་མནའ་བསྐྱལ་བའི་མཚན་ཉིད་དང་མཚོན་ཐབས་རྣམ་པ།  གྲུབ་བྱའི་རྒྱུ་ཆ།  ལོ་རྒྱུས་ཀྱི་ཁུངས།  དེའི་བྱུང་བ་དང་གནས་པའི་ཁུངས་དང་རྩ་བ།  ཁྱད་ཆོས།  དགེ་མཚན་སོགས་དབྱེ་ཞིབ་བྱས་ཡོད་ཅིང་།  ལྟ་བ་གཙོ་བོ་སྟེ་བོད་ཀྱི་མནའ་བསྐྱལ་བ་ནི་སེམས་ཁུངས་ན་རྡོལ་བའི་དད་པ་རྨང་གཞི་བྱས་པའི་མི་དང་མི་བར་དང་།  མི་དང་ལྷའི་བར་གྱི་དམ་བཅའི་རྣམ་པ་ཞིག་ཡིན་ལ།  ལྷའི་ནུས་ཤུགས་ལ་བརྟེན་ནས་གྱོད་དོན་རྩད་ཞིབ་བྱེད་པ་ཡིན།  འདི་ལ་ཅུང་ཤུགས་དྲག་པོའི་ཆོས་ལུགས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་ལྡན་ཞིང་སྤྱི་ཚོགས་ཚོད་འཛིན་བྱེད་ཐབས་ཀྱི་ཆོས་ལུགས་དང་ཀུན་སྤྱོད།  གོམས་སྲོལ་སྤྱོད་ལམ།  ཁྲིམས་ལུགས་བཅས་སྣ་མང་གཅིག་བསྡུས་སྒོས་མཚོན་ཡོད། 
          རྒྱུ་འབྲས་ཀྱིས་གྲུབ་པའི་ནང་རྐྱེན་འོག  ལྷའི་མགོན་སྐྱོབ་དང་ཉེས་ཆད་ཀྱི་མཐའ་དཔྱོད་གཅིག་བསྡུ་ལས་ལྷའི་ཉེས་ཆད་འདི་སྤྱི་ཚོགས་ཀྱི་སྒྲིག་རིམ་དང་བདེན་དོན་སྲུང་བའི་མ་ལག་གི་ཚབ་བྱེད་ཅིང་།  དེར་སློབ་གསོ་དང་ཉེས་དོན་སྔོན་འགོག་གི་དགེ་མཚན་ཆེན་པོ་ལྡན་པ་ཡིན།   རྒྱུ་འབྲས་དང་དམ་བཅའ་དང་འགལ་མི་རུང་བའི་ལྟ་བ།  དེ་མིན་གློ་བུར་བའི་ལྷའི་ཉེས་ཆད་བྱུང་བའི་དངོས་ཡོད་བདེན་དཔང་སོགས་ཀྱིས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ནས་མང་ཚོགས་ཀྱི་དམ་བཅའ་སྲུང་བའི་འདུ་ཤེས་དྲག་ཏུ་གཏོང་བཞིན་ཡོད་པ་དང་།  གྱོད་དོན་དང་ཉེས་དོན་སྔོན་འགོག   ཡིད་རྟོན་རུང་བའི་དམངས་སྲོལ་བཟང་བོ་ཞིག་ཆགས་པ་བཅས་ཀྱི་དགེ་མཚན་མི་དམན་པ་མཆིས་སོ།།


བོད་རིགས་ཤེས་ཡོན་པའམ་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཉི་ལུའུ་ཧྭ།

ཞར་བཀོད།

          ཉི་ལུའུ་ཧྭ་ནི1971ལོའི་ཟླ7པར་ཀན་སུའུ་འབྲུག་ཆུ་ནས་སྐྱེས་བའི་བོད་རིགས་བུད་མེད་ཅིག་ཡིན་ཞིང་།  1996ལོར་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྲིད་ཁྲིམས་སྡེ་ཁག་ནས་སློབ་རམས་པའི་ཡོན་གནས་བླངས་ཏེ་མཐར་ཕྱིན་པ་དང་། 2004ལོར་ལན་གྲུ་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་ཞིབ་འཇུག་གླིང་ནས་ཤེས་རམས་པའི་ཡོན་གནས་བླངས་ཏེ་མཐར་ཕྱིན།  2010ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཞིང་ཁྲིམས་ལུགས་ཀྱི་འབུམ་རམས་པའི་ཡོན་གནས་བླངས། ད་ལྟ་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཡིན་ལ།  གཙོ་བོ་མི་རིགས་ཁྲིམས་ལུགས་དང་།  བོད་རིགས་རྒྱུན་གོམས་སྒྲིག་ཁྲིམས་སོགས་ཀྱི་སློབ་གསོ་དང་ཞིབ་འཇུག་གནང་བཞིན་ཡོད་པ་དང་།  བསླབ་གཞི་དཔེ་དེབ3པར་བསྐྲུན་གནང་བ་དང《བོད་རིགས་རྒྱུན་གོམས་སྒྲིག་ཁྲིམས་ཀྱི་མནའ་བསྐྱལ་བའི་བརྗོད་བྱའི་ལོ་རྒྱུས་ཀྱི་འཕེལ་འགྱུར་དབྱེ་ཞིབ》ཞེས་པ་སོགས་ཆེད་ལས་དཔྱད་རྩོམ25ལྷག་སྤེལ།  རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་དང་།  སློབ་གསོ་པུའུ་མིའི་རིགས་དང་རིག་གནས་སྤྱི་ཚོགས་ཚན་རིག་འཆར་འགོད་ལས་གཞི་གཅིག   ས་གནས་ཐིན་རིམ་པའི་ལས་གཞི་གསུམ་བཅས་འགན་ཁུར་བ་རེད།  འབུམ་རམས་པའི་དཔྱད་རྩོམ《བོད་ཀྱི་མནའ་བསྐྱལ་བར་དཔྱད་པ།    ཀན་ལྷོའི་བོད་ཁུལ་དཔེ་གཞི་རུ་བཟུང་བ》ཞེས་པར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི2010ལོའི་ཕུལ་བྱུང་འབུམ་རམས་པའི་དཔྱད་རྩོམ་བྱ་དགའ་ཐོབ་པ་རེད། 


འབྲེལ་ཡོད་འོས་སྦྱོར།