logo

《དྲི་རྟགས་དམར་པོ》ཞེས་པའི་དཔེ་དེབ་ངོ་སྤྲོད།

རྩོམ་པ་པོ།:མི་གསལ ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-05-18 ཀློག་གྲངས།:


《དྲི་རྟགས་དམར་པོ》ཞེས་པའི་དཔེ་དེབ་ངོ་སྤྲོད།

  《དྲི་རྟགས་དམར་པོ》ཞེས་པའི་དེབ་ཆུང་འདི་ནི་ཟླ་བ་ནོར་བུའི་སྦྱང་རྩོམ་དེབ་ཆུང་ཐོག་མ་ཡིན་ཞིང་།   དེབ་འདིའི་ནང་འཁོད་པའི་རྩོམ་ཡིག་ཕལ་ཆེ་བ་ཞིག་ནི་ཁོང་གིས་དེ་སྔ་ལྗོངས་ནང་ཁུལ་གྱི་ཚགས་པར་དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དུས་དེབ་བརྒྱུད་སྦྱངས་བྱས་པའི་རྩོམ་ཡིག་ཁག་ཡིན་པ་དང་།   ད་ཐེངས་ཕྱོགས་བསྒྲིགས་བྱེད་དོན་ཡང་ཁོང་གིས་བྲིས་མྱོང་བའི་རྩོམ་ཡིག་གི་དུས་དེབ་ཞིག་ལ་ཕྱི་མིག་དང་།   ཚོད་ལྟ།   མ་འོངས་པའི་རྩོམ་འབྲིའི་ཁ་ཕྱོགས་བཙལ་འཚོལ་བྱེད་པ་བཅས་ཀྱི་སྟ་གོན་ཞིག་རེད་འདུག   རྩོམ་ཡིག་གི་བརྗོད་བྱ་ཕལ་ཆེ་བ་ཞིག་ནི་ཁོ་རང་གི་སྐྱེ་ས་སྐྱེས་ཡུལ་ཡར་འབྲོག་གཞུང་གི་རྩྭ་ཐང་སྟེང་ནས་བཏུས་ཤིང་།   རིང་མིན་ཐུང་མིན་གྱི་རྩོམ་ཡིག་རེ་རེས་མི་རྣམས་ཀྱི་འཚོ་བའི་གནས་ཚོད་དང་།   མདུན་ལམ།   ལས་སྐལ་སོགས་ལ་སེམས་ཁུར་བྱེད་པའི་འགན་སེམས་ཤིག་ཤར་མར་བསྟན་གྱིན་འདུག
  《དྲི་རྟགས་དམར་པོ》ཞེས་པའི་སྙན་ངག་དེའི་ནང་རྩོམ་པ་པོས་གོམ་ཁ་ལྷོད་ཅིང་གོ་བདེའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་སྐྱིད་པའི་ཕ་ཡུལ་དང་བརྩེ་བའི་ཕ་མ་རིང་དུ་དོར་ཞིང་།   གཞན་ཡུལ་གྱི་འཚོ་ལམ་ཀྱག་ཀྱོག་ཞིག་ལ་རེ་ལྟོས་འཆའ་བའི་སྤྱི་ཚོགས་སྟེང་གི་བུ་མོ་འགའི་འགྲོ་འདུག་སྤྱོད་གསུམ་ལ་ཡིད་ཕམ་པའི་སྐྱོ་གླུ་ལེན་པ་དང་།  ཁོང་ཚོའི་རང་སྣང་གང་ཤར་གྱི་བསམ་སྤྱོད་ལ་ཁ་རྡུང་དང་ཟུར་ཟ་དྲག་པོ་རང་ཤེད་ཆེ་བའི་སྤྱོད་ལམ་ངན་པ་དེ་དམར་རྗེན་དུ་བཏོན་ཡོད་ལ།   ནམ་ཞིག་ཡབ་ཡུམ་གཉིས་སྐུ་ཚེ་འདས་སྐབས་ཀྱང་།  ཁྱེད་རང་ད་དུང་ཨ་ཇོ་མང་པོའི་པང་ཁ་ན་གླུ་ལ་རོལ་སྲིད་དམ།   ལང་ཚོའི་མེ་ཏོག་དེ་ལོ་ཟླའི་གོམ་འགྲོས་ཀྱིས་ས་ལ་སྐྱུར་རྗེས།  ཁྱེད་རང་ད་དུང་ལམ་བུ་གཞན་ཅི་ཞིག་ཡོད།   ཞེས་པའི་ཚིག་རྐང་དེ་དག་ནི་རྩོམ་པ་པོའི་ནང་སེམས་ཀྱི་གཏིང་རིམ་ནས་མཐོན་པོར་བཏེགས་པའི་ཚ་ནན་ཆེ་བའི་དྲི་རྟགས་དེ་ཡིན། 
  《དྲི་རྟགས་དམར་པོ》ཞེས་པའི་དེབ་ཆུང་འདིའི་ནང་དོན་གཙོ་བོ་ནི《མཛེས་ལྡན་ལྷ་མོའི་སྤྲོ་གླུ》《སྐར་གླིང་རྩྭ་ཐང་གི་ཟིན་ཐོ》《ནང་མ་ཁང་གི་ཟིན་ཐོ》《ང་ཚོ་དང་སྐྱུར་རྩིའི་ལས་དབང》《གྲོང་ཁྱེར་གྱི་མཚན་མོའི་གཏམ་རྒྱུད》སོགས་ནང་དོན་དུ་མ་འཁོད་ཡོད།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

  དངོས་མིང་ལ་ཟླ་བ་ནོར་བུ་དང་སྨྱུག་མིང་ལ་ལུ་གུ་ཞེས་འབོད་ཅིང་།   1981ལོར་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང(ཡར་འབྲོག)ཁ་ལུང་ཤང་རྒྱ་གྲུ་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་མི་ཡུལ་འདིར་བལྟད་མོར་བྱོན།   རང་ལོ་བདུན་བརྒྱད་ཙམ་ནས་སློབ་གྲྭར་བསྐྱོད།  2006ལོར་བོད་ལྗོངས་སློབ་ཆེན་དཔལ་འབྱོར་ཚན་ཁག་ནས་ཐར་ཕྱིན།  ད་ལྟ་ཕ་ཡུལ་སྣ་དཀར་རྩེ་རྫོང་དུ་སྲིད་འཛིན་གྱི་ལས་གཉེར་བྱེད་བཞིན་ཡོད།  ༢༠༠༣ལོར་བོད་ཀྱི་རྩོམ་རིག་ལ་ཐོག་མ་ལག་ལེན་བྱས་པ་ནས་བཟུང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དང《བོད་ལྗོངས་ཉིན་རེའི་ཚགས་པར》  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་དུས་དེབ་དང་ཚགས་པར་ཁག་ཏུ་སྙན་རྩོམ་དང་ལྷུག་རྩོམ།  བརྩམས་སྒྲུང་།  ཡུལ་བསྐོར་གནས་བཤད་སོགས་བརྒྱ་ལྷག་ཙམ་སྤེལ་མྱོང་།  2011ལོར《དྲི་རྟགས་དམར་པོ》ཞེས་པའི་སྙན་དེབ་ཆུང་ཆུང་ཞིག་པར་སྐྲུན་བྱས་ཤིང་སླད་མར་ཡང་མཐུན་བཟང་པོ་རེ་ཐོབ་ཚེ་རྒྱ་ཆེའི་ཀློག་པ་པོར་མུ་མཐུད་བརྩམས་སྒྲུང་དེབ་ཆུང་ཞིག་ཀྱང་སྤྱན་འབུལ་ཞུ་རྒྱུའི་འབད་པ་བྱེད་བཞིན་ཡོད། 


འབྲེལ་ཡོད་འོས་སྦྱོར།