རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ།

རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ།
སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་དེང་སྐབས་སློབ་གཉེར་བའི་དགོས་མཁོར་ཆེད་དམིགས་གངས་ཅན་ཁྱད་ནོར་ཞེས་པའི་དཔེ་ཚོགས་པར་སྐྲུན་ཞུས་དང་ཞུ་བཞིན་ཡོད་པ་ལྟར། ཉེ་ཆར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་པོད་བརྒྱད་ཀྱི་བདག་ཉིད་ཅན་དེ་དག་ནི་རྒྱལ་བའི་གསུང་རབ་སྤྱི་དང་གསང་སྔགས་གཞུང་ལུགས་རྣམས་ཀྱི་དཀའ་བའི་གནས་རྣམས་རྒྱབ་བརྟེན་ལུང་དང་རིག་པ་ལ་བརྟེན་ཏེ་རྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་རྒྱས་ལ་ཁ་གསལ་ཞིང་གོ་བདེ་བ་བཅས་ཀྱི་སྒོ་ནས་གཏན་ལ་ཕབ་པས་ན། གནའ་དེང་མཁས་དབང་ཀུན་གྱིས་ཚད་ལྡན་ལེགས་བཤད་ཡིན་པ་མཐུན་སྣང་དུ་གྲུབ་པ་རེད།
ཞར་བཀོད།
པོད་དང་པོར། 《དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ》
པོད་གཉིས་པར། 《དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དང་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར》སོགས།
པོད་གསུམ་པར། 《དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་དབང་དོན་དེ་ཉིད་རང་གསལ་གྱི་རྣམ་བཤད་དབང་དོན་དེ་ཉིད་ཡང་གསལ་སྣང་བ་རྡོ་རྗེ་སེམས་པའི་ཞལ་ལུང》
པོད་བཞི་པར། 《བླ་མའི་རྣལ་འབྱོར་གྱི་རིམ་པ་མང་པོ་ཕྱོགས་གཅིག་ཏུ་བཀོད་པ》དང《དྲིལ་བུ་ལུགས་བདེ་མཆོག་ལྷ་ ལྔའི་སྒྲུབ་ཐབས》《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས》སོགས།
པོད་ལྔ་པར། 《རྡོར་སེམས་ལྷ་བཅུ་བདུན་མའི་བརྒྱུད་འདེབས》དང《སྨྱུང་གནས་ཀྱི་ཆོ་ག》སོགས།
པོད་དྲུག་པར། 《བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ》དང《འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ》སོགས།
པོད་བདུན་པར། 《སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ་འདོད་གསོལ་དང་དཀར་ཆག》《དམ་ཅན་ཆོས་སྲུང་དུ་མ་ལ་མཆོད་གཏོར་འབུལ་བ》སོགས།
པོད་བརྒྱད་པར། 《ཆོས་སྡེ་ཆེ་ཆུང་ཁག་གི་བཅའ་ཡིག》དང《སྤྲིང་ཡིག》སོགས་ནང་དོན་དུ་མ་ཡོད།

རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།
རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི་རུས་ཆེན་བཅོ་བརྒྱད་ཀྱི་ནང་ཚན་འབྲོམ་གྱི་རིགས་སུ་ཡབ་གུང་བསོད་ནམས་དར་རྒྱས་དང་། ཡུམ་བློ་བཟང་ཆོས་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱི་སྤྱི་ལོ1708ལོར་མདོ་ཁམས་ལི་ཐང་བྱམས་པ་གླིང་གི་ལྷ་ཞོལ་དུ་འཁྲུངས། ལི་ཐང་ཆོས་སྐྱོང་ནས་རྒྱལ་བའི་ཡང་སྲིད་ཡིན་པའི་ལུང་བསྟན་བཞིན་སྐུ་ཞང་རབ་འབྱམས་པ་ཨ་དགེ་བཀྲ་ཤིས་ནས་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ། དགུང་ལོ་དྲུག་བདུན་སྐབས་བོད་ནས་ལྷ་བཟང་གིས་མངགས་པ་དགེ་འདུན་དང་དར་རྒྱས་གཉིས་ཡོང་གིན་འདུག་ཟེར་བ་ཡབ་ཡུམ་གྱིས་གསན་པས་ལེགས་ཉེས་ཇི་ལྟར་བྱེད་མི་ཤེས་དགོངས་ནས་རེ་ཞིག་ཕྱོགས་གཞན་ཞིག་ཏུ་བྱོལ་པར་ཕེབས། དགུང་ལོ་བརྒྱད་ཐོག་ཡན་དར་ཐུ་ནས་ཅོ་ནེ་བརྒྱུད་སྐུ་འབུམ་གྲྭ་ཚང་དུ་ཕེབས་ནས་གསེར་ཁྲིར་བཞུགས། དགུང་ལོ་དགུར་སོན་སྐབས་སྤྲུལ་སྐུ་འཁྲུལ་མེད་ཀྱི་ངོས་འཛིན་ཞུས། དགུང་ལོ་བཅུའི་ཐོག་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་རབ་བྱུང་གི་སྡོམ་པ་བཞེས། མཚན་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ནས་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། གཞུང་ཆེན་མོར་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་ཉི་ཤུའི་ཐོག་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་མཚན་ལ་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། དཔལ་གསང་བ་འདུས་པའི་བཀའ་དབང་ཡང་དུ་མ་གསན། དགུང་ལོ་ཉེར་གཅིག་སྐབས་འབྲས་སྤུངས་སུ་རྡོ་རམས་པའི་གྲྭ་སྐོར་མཚན་བཏགས་མཛད། དགུང་ལོ་ཉེར་གཉིས་ཐོག་བདེ་གཟར་གྱི་རྐྱེན་པས་མདོ་སྨད་མགར་ཐང་དུ་ཕེབས། ཁུལ་དེར་དགོན་སྡེ་ཁག་ལ་ཆོས་འཁོར་རྒྱ་ཆེར་བསྐོར་ནས་གདུལ་བྱ་རྣམས་སྨིན་པར་མཛད། དགུང་ལོ་ཉེར་བརྒྱད་ཐོག་མདོ་ཁམས་ནས་ཕོ་བྲང་ཆེན་པོར་ཞབས་སོར་འཁོད། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས། དགུང་ལོ་སོ་གཅིག་ཐོག་ཁྲ་འབྲུག་གཙུག་ལག་ཁང་ཞིག་གསོའི་བཀའ་ཁྱབ་གནང་། གོས་སྐུ་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་དཀར་ཆག་སྨོན་ཚིག་མཛད། དགུང་ལོ་སོ་གསུམ་ལ་ཚོགས་མཆོད་སེར་སྤྲེང་མཆོད་རྫས་ཧྲུལ་སྐྱོན་རྣམས་བཟོ་དང་བཀོད་པས་མཛེས་པར་སྒྲུབ། དགུང་ལོ་སོ་བཞིར་འབྲུག་སྡེ་སྲིད་དགོངས་ཞུས་ཚབ་བློན་པོ་ངག་དབང་རྒྱལ་མཚན་བསྐོ་གཞག་གནང་། ལྕགས་རི་འགྲོ་ཕན་གླེང་གི་གསོ་བ་རིག་པའི་སློབ་སྦྱོང་ཅུང་ཟད་ཉམས་པར་བརྟེན་གདན་ས་མཐིལ་གྱི་མཁན་པོ་རྒྱུགས་ལེན་གཏོང་བ་གནང་སྟེ་བསྡམ་ར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མཆོག་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། དགུང་ལོ་སོ་དགུ་ལ་སྒྲ་གཞུང་ཙནྡྲ་པའི་རི་མོའི་སློབ་རྒྱུན་སྤེལ། དགུང་ལོ་བཞི་བཅུའི་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལྷ་ཕེབས་ཀྱིས་འཇམ་དབྱངས་སྨྲ་སེང་དང་། སྒྲོལ་དཀར་སོགས་ཀྱི་རྗེས་གནང་སྩལ། དགུང་ལོ་ཞེ་གཉིས་ཐོག་རྩེའི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་དཀྱིལ་འཁོར་བཞེངས་འགོ་ཚུགས། དགུལ་ལོ་ཞེ་བཞིར་བཀའ་ཤག་བཙུགས། དགུང་ལོ་ཞེ་ལྔར་འབྲས་ལྗོངས་རྒྱལ་པོ་གསར་བསྐོས་གནང་། རིས་མེད་ཀྱི་དགོན་སྡེ་རྣམས་འཐོར་ཞིག་གིས་ཉམས་ཆག་ཤིན་ཏུ་ཆེ་བས་བོད་ཁམས་བདེ་ཐབས་སུ་ཉམས་གསོ་མཛད། སྒྲ་དང་། སྙན་ངག སྐར་རྩིས་ཡིག་སྣ་ཁག་མང་སྦྱོང་ཁྲིད་བྱེད་པའི་རྩེ་སེར་མོ་བའི་སློབ་གྲྭ་དང་ཕོ་བྲང་ཆེན་པོའི་ཞོལ་དུ་བཟོ་གྲྭ་འདོད་འཇོ་དཔལ་འཁྱིལ་གསར་འཛུགས་མཛད། དགུང་ལོ་ཞེ་དྲུག་ལ་རྩེའི་བློས་བསླངས་ཁང་གི་ལྡེབས་བྲིས་གསར་བཞེངས་ལེགས་བསྒྲུབས་ཀྱིས་རབ་གནས་མཛད། དགུང་ལོ་ཞེ་བདུན་དུ་ཕེབས་སྐབས་རྩེ་ཡིག་ཚང་ལས་ཁུངས་གསར་དུ་བཙུགས། གཞན་ཡང་ལྷ་སྐུ་རྟེན་བཞེངས། དགོན་པ་ཉམས་གསོ་སོགས་མཐའ་ཡས་པ་མཛད། རྗེ་འདི་ཉིད་ལ་བསྟན་པ་ཆོས་བཞིན་དུ་སྐྱོང་བའི་སློབ་མ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་དངོས་སློབ་གྲངས་ལས་འདས་པར་བྱུང་ཞིང་དེ་དག་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་སོགས་དང་། བྱང་ཆུབ་ལམ་གྱི་རིམ་པའི་བཤད་ཁྲིད་ཀྱིས་མཚོན་མདོ་རྒྱུད་ཀྱི་མན་ངག་དུ་མས་སྨིན་གྲོལ་ལམ་དུ་འགོད་པར་མཛད། དགུང་ལོ་ལྔ་བཅུ་སྟེ་མེ་གླང1757ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། སྐུ་གདུང་ནི་རིལ་བུ་གཅིག་ཏུ་རང་ཅག་ཕྱི་རབས་པ་རྣམས་ཀྱི་བསོད་ནམས་གསོག་པའི་ཞིང་དུ་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལའི་གསེར་སྡོང་བཀྲ་ཤིས་འོད་འབར་ནང་བཞུགས་སོ། །རྗེ་འདི་ཉིད་ཀྱི་མདོ་སྔགས་གནད་ལས་བརྩམས་པའི་གསུང་འབུམ་ནི་པོད་བརྒྱད་བཞུགས།
