བོད་ཀྱི་བུད་མེད་རྩོམ་པ་པོ་དགེ་རྒན་ཧོར་མོའམ་རྡོར་དབྱིངས་ལགས་ཀྱི་རྩོམ་བཏུས《བུམ་ནང་གི་མེ་ཏོག 》

བོད་ཀྱི་བུད་མེད་རྩོམ་པ་པོ་དགེ་རྒན་ཧོར་མོའམ་རྡོར་དབྱིངས་
ལགས་ཀྱི་རྩོམ་བཏུས《བུམ་ནང་གི་མེ་ཏོག 》
རྒྱ་ཆེའི་དྲ་གྲོགས་རྣམས་དང་རྩོམ་རིག་ལ་དགའ་བའི་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་རྣམས་ལ་གཏམ་བཟང་ཞུ་རྒྱུར། ཉེ་ཆར་བོད་ཀྱི་བུད་མེད་རྩོམ་པ་པོ་དགེ་རྒན་ཧོར་མོའམ་རྡོར་དབྱིངས་ལགས་ཀྱི་རྩོམ་བཏུས《བུམ་ནང་གི་མེ་ཏོག 》ཞེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་ཟིན་ཏེ་སྤྱི་ཚོགས་ཐོག་འགྲིམས་སྤེལ་བྱེད་བཞིན་འདུག
དེབ་འདི་ནི་འབོལ་རྩོམ་གྱི་རྣམ་པའི་ཐོག་ནས་བརྩམས་གནང་བ་ཞིག་དང་། ནང་དོན་མདོར་བསྡུས་ནི་ལྷུག་བརྗོད་ཡིད་ཀྱི་རླབས་སྒྲ་དང་། གླེང་བརྗོད་དུས་ཀྱི་ངོ་རིས། ཁོ་དང་མོ་ཡི་གྲིབ་གཟུགས། འགྲུལ་བཞུད་ལམ་གྱི་རེ་ཁ་བཅས་ཚན་པ་བཞི་རུ་བགོས་ཏེ་ཕ་ཡུལ་གྱི་རྣམ་པ་གསར་པ་དང་། དགེ་སློབ་ཀྱི་བརྩེ་བ། སྐྱེས་པ་དང་བུད་མེད་ཀྱི་ངོ་རིས། སློབ་གྲྭའི་འཚོ་བ། སློབ་གསོའི་འགལ་འདུ། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འགལ་བ། རང་ཉིད་འཚོ་སྡོད་བྱེད་བཞིན་པའི་ཕ་ཡུལ་གྱི་བདེ་སྡུག་དང་བཅས་པ་བཅོས་མིན་གླུ་རུ་དྲངས་ཡོད། རྩོམ་པ་པོས"རང་རེའི་རིག་གནས་དང་མི་རིགས་འདི་ཉིད་མི་ཉམས་རྒྱུན་གནས་དང་མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བར་རེ་འབོད་ཞུ་བ་ཡིན་པས། དགའ་སྐྱོ་ཆགས་སྡང་གི་ཕུང་པོ་རུ་གྲུབ་པའི་ཀློག་མཁན་དག་ལ་དགའ་སྐྱོའི་ཚོར་བ་ཅི་ཡང་སྦྱིན་སྲིད་ན་ངའི་རེ་བ་གྲུབ་པ་ཡིན་ལ། ངའི་ནར་མ་སོན་པའི་བསམ་བློ་དང་པིར་འགྲོས་རྩུབ་མོས་ཀློག་མཁན་ཚོ་ལ་ཞེན་ལོག་དང་སྐྱུག་བྲོ་ལྡང་སོང་ན་སུན་འབྱིན་དགག་རྒྱག་གི་ཕུང་པོ་བྱོ་སའི་བྲང་གཞུང་ཡངས་མོར་ཕྱེས་ནས་ཡོད"ཞེས་གསུངས་འདུག

རྩོམ་པ་པོ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས།
སྐྱེས་མིང་རྡོར་དབྱིངས་དང་སྨྱུག་མིང་ལ་ཧོར་མོ། དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་རྩ་གཉིས་ཀྱི་བོད་ཟླ་བཅུ་གཉིས་པའི་ཚེས་ཆེན་བཅོ་ལྔའི་ཟླ་བཀྲག་གི་འོག་ཏུ་འདམ་གཞུང་སྙིང་དྲུག་གི་འབྲོག་ཁྱིམ་ཞིག་ཏུ་གཉོམ་དུང་བའི་བུ་མོ་ཞིག་གིས་ངུ་སྐད་བསྒྲགས་ཞེས་པ་དེ་ང་རང་ཡིན། རང་ལོ་བཅུ་གཅིག་ནས་འདམ་གཞུང་དུ་སློང་ཆུང་འགྲིམས། རང་ལོ་བཅོ་བརྒྱད་ནས་སྔ་ཕྱིར་ཞན་དབྱང་དང་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱས། རང་ལོ་ཉེར་གསུམ་ནས་སྔ་ཕྱིར་ལྷ་ས་སློབ་འབྲིང་དང་ཧུ་ནན་ཞིང་ཆེན་ཀྲུའུ་ཀྲུ་ཡི་ནོར་རྩིས་ཆེད་ལས་ཀྱི་བོད་ལྗོངས་འཛིན་གྲྭ་དང་། ཅང་སུའུ་ནན་ཐུང་ནང་སའི་བོད་ལྗོངས་སློབ་འབྲིང་བཅས་ལ་སློབ་གསོ་སློབ་ཁྲིད་བསྐྱངས་ཤིང་ད་ལྟ་ལྷ་ས་སློབ་འབྲིང་ལྔ་པར་སློབ་ཁྲིད་ལ་ཞུགས་མུས།
2007ལོ་ནས་བོད་ཡུལ་ཁམས་ཀྱི་གཅིག་གྱུར་གྱི་བུད་མེད་རྩོམ་པ་པོའི་དུས་དེབ་ཐོག་མ་གངས་རིའི་བུ་མོ་ཞེས་པའི་རྩོམ་སྒྲིག་ལ་ཞུགས་ནས་བོད་པའི་བུད་མེད་ཚོའི་མིག་དཔེ་ཡར་འདྲེན་དང་ཤེས་རིག་ལ་བློ་ཁ་ཕྱོགས་ཏེ་རང་སེམས་བཅིངས་འགྲོལ་དང་རང་མགོ་རང་གིས་འདེགས་པའི་ཐབས་ལམ་བཙལ་ཁུལ་བྱས།
