བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུངས་འབུམ་འགྲེམ་སྤེལ་མཛད་སྒོ་ལན་གྲུ་ནས་བསྡུས་པ།

བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསར་སྤེལ་གསུངས་འབུམ་བཞུགས་སོ།།
ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གིས་གཉེར་བའི་བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུངས་འབུམ་འགྲེམ་སྤེལ་མཛད་སྒོ་དེ་ཟླ་བཞི་བའི་ཚེས་བརྒྱད་ཉིན་ལམ་གྲུ་གྲོང་ཁྱེར་ནས་བསྡུས་ཤིང་། བོད་རིག་པའི་ཆེད་མཁས་གྲགས་ཅན་བསེ་ཚང་བློ་བཟང་དཔལ་ལྡན་ལགས་ཀྱིས་བགྲང་བྱ་བཅུ་གསུམ་ལྷག་གི་རིང་ལ་རྩོམ་འབྲི་གནང་ཞིང་ཁྱོན་བསྡོམས་པོ་ཏི་དགུ་དང་ཡིག་འབྲུ་ས་ཡ་གསུམ་དང་འབུམ་གཅིག་ལྷག་བརྒལ་བའི་གསུངས་འབུམ་དེ་མིག་སྔར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཟིན་པར་མ་ཟད། ད་ལྟ་རྒྱ་ཡིག་ལ་སྒྱུར་བཞིན་པའི་སྒང་ཡིན།
གསུངས་འབུམ་འདིའི་ནང་དོན་བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་། བོད་བརྒྱུད་ནང་བསྟན་རིག་གནས། དགོན་སྡེ་ཁག་གི་ལོ་རྒྱུས། བོད་ཀྱི་སྐད་དང་ཡིག བརྡ་སྤྲོད་དང་ཚིག་རྒྱན། སྒྲ་རིག་སྡེབ་སྦྱོར། ཆོས་ལུགས་དང་མཚན་ཉིད་རིག་པ། རྩོམ་རིག་དང་ལོ་རྒྱུས། རྣམ་ཐར་རྟོགས་བརྗོད་སོགས་རིག་གནས་ཆེ་ཆུང་ཀུན་གྱི་ཁོངས་སུ་ཁྱབ་ཡོད།
གངས་ལྗོངས་མཁས་དབང་གསུང་རབ་ཏུ་བསྔགས་པར་འོས་པའི་གསུངས་འབུམ་འདི་ལ་བསྡོམས་པས་པོད་དགུ་ཡོད་པ་ལས་སྙན་ངག་ཀུན་གསལ་མེ་ལོང་དང་། དགེ་ལུགས་པའི་གྲུབ་མཐའི་ལོ་རྒྱུས་རགས་རིམ། འདུལ་བའི་སྐོར་གྱི་ཁྲིད་རྒྱུན་སོགས་པོད་དྲུག་སྔོན་ཆད་པར་དུ་བསྐྲུན་མྱོང་བ་དང་། ཐེངས་འདིར་སྔར་ཡོད་རྨང་གཞིའི་སྟེང་དགེ་བཤེས་བློ་བཟང་རྒྱ་མཚོའི་རྣམ་ཐར་དང་། མདོ་སྨད་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་ལོ་རྒྱུས་སོགས་པོད་གསུམ་གསར་དུ་ཁ་སྣོན་བྱས་ཡོད།
འགྲེམ་སྤེལ་མཛད་སྒོར་ཕེབས་པའི་བོད་རིག་པའི་ཆེད་མཁས་རྣམས་ཀྱིས་སློབ་དཔོན་ཆེན་མོ་བསེ་ཚང་ལགས་ཀྱི་སྐུ་ཚེ་གང་བོའི་སེམས་ཤུགས་འདུས་པའི་གསུངས་འབུམ་འདི་པར་དུ་བསྐྲུན་པ་དེས། ང་ཚོས་བོད་བརྒྱུད་ནང་བསྟན་ལ་ངེས་ཤེས་ཡང་དག་འདྲོངས་པ་དང་བོད་ཀྱི་སྐད་དང་ཡི་གེ་ཚུལ་མཐུན་ངང་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཕྱོགས་ནས་རིག་གཞུང་ཞིབ་འཇུག་དང་བེད་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པས། བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་ལས་དོན་མཐོ་ཚད་གསར་བ་ཞིག་ལ་སྐུལ་འདེད་བཏང་ཡོད་པར་ཆེ་བརྗོད་གནང་བཞིན་ཡོད།
སློབ་དཔོན་བསེ་ཚང་ལགས་ཀྱིས་རྩོམ་འབྲིའི་དམིགས་ཡུལ་གླེང་སྐབས།ཁོང་གིས་དཔེ་ཆ་འདི་འདྲ་མང་བོ་ཞིག་འབྲི་དོན་ཡང་། མི་རིགས་ས་ཁུལ་དང་ནང་སྒོས་སུ་མཐའ་འཁོབ་རྗེས་ལུས་ཀྱི་གནས་སུ་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་ལ་ཕན་ནུས་ཤིག་འདོན་ཐུབ་པའི་རེ་བ་ཡིན་པ་དང་། དུས་མཚུངས་སུ་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་པར་གསུངས།
བོད་རིག་པའི་ཆེད་མཁས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དོར་ཞི་ལགས་ཀྱིས། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུངས་འབུམ་ནི་བསྲེགས་བཅད་བརྡར་བའི་གསེར་ཞུན་ལྟ་བུ་ཞིག་ཡིན་པས། འདིས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་དང་། རྒྱ་ཡིག་ལ་བསྒྱུར་རྗེས།མི་སྔར་ལས་མང་བོ་ཞིག་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱ་ཐུབ་པར་འགྱུར་བས། བོད་ཀྱི་རིག་གནས་འཕེལ་རྒྱས་ཐད་ནས་བཤད་ན་དུས་རབས་ལས་བརྒལ་བའི་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས་ཤིང་། བོད་རིག་པའི་ཆེད་མཁས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་རིང་ལགས་ཀྱིས་ཀྱང་། གསུངས་འབུམ་འདི་ཉིད་ནང་དོན་གྱི་ཕྱོགས་ནས་ནང་བསྟན་མཚན་ཉིད་རིག་པ་དང་། རྩོམ་རིག ལོ་རྒྱུས་རིག་པ། སྐད་བརྡ་རིག་པ། གསང་སྔགས་ཀྱི་ཉམས་ལེན་དང་ཆོ་ག་སོགས་ལ་འབྲེལ་འདུག་པར་མ་ཟད། སྨོན་ལམ་དང་བསྟོད་པ། བཅའ་ཡིག་ལྟ་བུ་སོགས་ཀྱང་འདུས་ཡོད་པས་ནང་དོན་ཕུན་སུམ་ཚོགས་ཤིང་། ཁོང་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་ཐུབ་བསྟན་གསུངས་རབ་ལ་ནང་བྱན་ཆུབ་པའི་མཁས་པ་ད་ལྟ་མང་བོ་མཐོང་རྒྱུ་མེད་ཟེར།

བསེ་ཚང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན།
བསེ་ཚང་བློ་བཟང་དཔལ་ལྡན་ལགས་ནི་སྤྱི་ལོ༡༩༣༨ལོར་མཚོ་སྔོན་ཞིང་ཆེན་ཐུང་རིན་རྫོང་དུ་སྐུ་འཁྲུངས་ཤིང་། ༡༩༣༩ལོར་པཎ་ཆེན་སྐུ་ཕྲེང་དགུ་བས་བསེ་ཚང་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དེང་རབས་བོད་རིག་པའི་ཞིབ་འཇུག་དང་མི་རིགས་སློབ་གསོའི་གར་སྟེགས་སྟེང་གི་མཁས་དབང་གྲགས་ཅན་ཞིག་ཡིན། ཁོང་ལ༡༩༩༢ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཛད་རྗེས་དམིགས་བསལ་ལྡན་པའི་ཆེད་མཁས་ཀྱི་མཚན་སྙན་གནང་བར་མ་ཟད། སྐུ་ཚེ་གང་བོར་སྲིད་གཞུང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱད་ཆོག་པའི་ཁེ་དབང་ཡང་གནང་བ་རེད།
༡༩༧༩ལོ་ནས་ད་བར་དུ། སློབ་དཔོན་བསེ་ཚང་ལགས་ཀྱིས་མི་རིགས་སློབ་གསོའི་ལས་རྐང་དང་པོའི་སྟེང་དཀའ་སྤྱད་འབད་བརྩོན་གྱིས་ཕྱག་ལས་གནང་བའི་ཞོར་དུ་ཀན་སུའུ་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་འགོ་གཙོ་གཞོན་པ་དང་སློབ་དཔོན་ཆེན་མོའི་འགན་འཁུར་བར་མ་ཟད། ཀན་སུའུ་ཞིང་ཆེན་བོད་མིའི་རིག་གནས་གོང་སྤེལ་སྐུལ་འདེད་ཚོགས་པའི་མཚན་འཛིན་ཚོགས་གཙོའི་འགན་ཡང་འཁུར་མྱོང་། ཁོང་གིས་ད་དུང་རང་གི་སྤྱི་ཚོགས་སྙན་གྲགས་ལ་བརྟེན་ནས་ཀན་སུའུ་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་ཞུགས་རོགས་སྐྱོར་གྱི་རྣམ་གྲངས་རབ་དང་རིམ་པ་ཞིག་བཙུགས་ཏེ། ལོ་རེར་སློབ་མ་སྟོང་ཕྲག་ལྷག་ལ་དམངས་སྒོར་ཁྲི་ཉི་ཤུ་ལྷག་གིས་སློབ་ཞུགས་རོགས་སྐྱོར་བྱེད་བཞིན་ཡོད་དོ།།
