སྐུ་ཞབས་གངས་འཚོའི་དཔྱད་རྩོམ་དེབ་ཕྲེང་དང་པོ《ཆོ་ལོ་མིག་དགུ》པར་དུ་བསྐྲུན་པ།

སྐུ་ཞབས་གངས་འཚོའི་དཔྱད་རྩོམ་དེབ་ཕྲེང་དང་པོ《ཆོ་ལོ་མིག་དགུ》
ཉེ་ལམ། སྐུ་ཞབས་གངས་འཚོའི་དཔྱད་རྩོམ་དེབ་ཕྲེང་དང་པོ《ཆོ་ལོ་མིག་དགུ》ཞེས་པ་འདི་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད།
ཁོང་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་ཁྱད་པར་དུ་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ལ་ཞིབ་འཇུག་བྱེད་པར་སྤྲོ་སྟེ། ཁོའི་བསམ་པར་གནའ་རབས་ནི་ཆོས་ལུགས་རིག་གནས་སྣ་ཚོགས་སྐྱ་འཐབ་པའི་དུས་སྐབས་ཤིག་དང༌། གནའ་མི་རྣམས་དེ་ལྟ་བུའི་བསམ་བློའི་རིག་གནས་ཀྱི་ཁོར་ཡུག་ཅིག་ན་དྭངས་གཙང་གི་ངང་ནས་འཚོ་གནས་བྱས་ཡོད་ཅིང་། གནའ་སྒྲུང་དང་རིག་རྫས། ངག་རྒྱུན་དང་ཡིག་ཚང་སོགས་ཀྱི་ཞིང་ཁམས་ཉུལ་ནས་གསང་བའི་སྒོ་གླེགས་རེ་རེ་འབྱེད་ཐུབ་ཚེ་སྔ་ན་མེད་པའི་ལྟད་མོ་ངོ་མཚར་ཅན་གང་མང་མཇལ་ཐུབ་ཀྱི་ཡོད་ལ། རྒྱལ་རབས་ཤིག་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་དར་རྒྱས་ཀྱི་རྩེ་མོར་སོན་པའི་བརྒྱུད་རིམ་འོད་སྟོང་ལྡན་པ་ཞིག་ཡོད་པ་ཡིན་སྙམ། དེར་བརྟེན་ཁོ་རང་ལོ་མང་ལ་འབད་པའི་འབྲས་བུ་མི་ཡུལ་འདིའི་ཀློག་པོ་མང་པོ་ཞིག་གི་མིག་གི་ལོངས་སྤྱོད་དུ་བཀྲམས་པ་རེད།
ཟུར་བཀོད།
ནང་དོན་གྱི་ཆ།
བོད་མིའི་འབྱུང་ཁུངས་སྐོར་གྱི་འཚོལ་ཞིབ་གསར་བ། ཏུན་ཧོང་ཡིག་རྙིང་ནང་གི་རྒྱལ་བོ་གདོང་དམར་གྱི་རིགས་ཞེས་པར་དཔྱད་པ།
ཞང་ཞུང་ཞེས་པའི་མིང་གི་འཇུག་ཡུལ་ལ་དཔྱད་པ།
བོད་རྗེ་གཉའ་ཁྲི་བཙན་པོའི་ཡབ་མེས་ལ་དཔྱད་པ།
གནའ་བོའི་ཡིག་ཚང་ཁ་ཤས་བསྡུར་ནས་གཉའ་ཁྲི་བཙན་པོའི་མཚན་གྱི་གོ་དོན་ལ་ དབྱེ་ཞིབ་བྱས་པ།
རྒྱལ་བོ་གྲི་གུམ་བཙན་པོའི་ལོ་རྒྱུས་ཀྱི་གནད་དོན་འགའ་ལ་དཔྱད་པ།
རྒྱལ་བོ་གྲི་གུམ་བཙན་པོའི་ལོ་རྒྱུས་ཀྱི་གནད་དོན་འགའ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་གྱི་ཟུར་འདེབས།
བཙན་པོ་སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ལ་འབྲེལ་བའི་ལོ་རྒྱུས་དོན་ཚན་འགའི་དོགས་དཔྱོད།
ལོ་ཆེན་བཻ་རོ་ཙ་ན་ལི་ཡུལ་དུ་ཕེབས་པའི་ལོ་རྒྱུས་སྐོར་ཅུང་ཟད་གླེང་བ།
བོད་རྗེ་མུ་ནེ་བཙན་པོའི་ལོ་རྒྱུས་ཞིབ་འཇུག
འཇང་ཚ་ལྷ་དབོན་གྱི་ལོ་རྒྱུས་འགའ་ཞིག་ལ་དཔྱད་པ།
འབལ་ལང་གཉིས་ཀྱིས་རྒྱལ་བོ་ཁྲི་ལྡེ་གཙུག་བརྟན་སྐུ་བཀྲོངས་པའི་དམིགས་ཡུལ་གང་ཡིན་ནམ། བཅས་ཀྱིས་མཚོན་པའི་སྔར་གྱི་མང་པོ་ཞིག་ལ་ཟུར་འདེབ་སྦྱར་ནས་ཤོག་ངོས་ལྔ་བརྒྱའི་བདག་ཉིད་ཅན་གྱི་གངས་འཚོའི་སྤུ་རྒྱལ་ཞིབ་འཇུག་དེབ་ཕྲེང་དང་པོ་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

སྐུ་ཞབས་གངས་འཚོ།
གངས་འཚོ། མདོ་སྨད་ཀླུ་ཚང་ཚོ་བཞིའི་ཡ་གྱལ་རུ་མང་སྡེ་བ་ནས་སྐྱེས། ཆུང་དུས་ནས་སློབ་ཆུང་དང༌། སློབ་འབྲིང༌། སློབ་གྲྭ་ཆེན་མོའི་སྦྲགས་ཁྲིད་སྡེ་ཁག་སོགས་རིམ་པར་འགྲིམས། ཞོར་དུ་དགོན་སྡེ་ཁག་ཏུ་ཚད་མ་དང༌། ཕར་ཕྱིན། དབུ་མ། མཛོད་སོགས་ནང་ཆོས་ཀྱི་གཞུང་ལ་སློབ་གཉེར་བྱས། 《ཀྲུང་གོའི་བོད་རིག་པ》 《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》སོགས་སུ་བོད་རིག་པའི་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ། 《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མང་ཚོགས་སྒྱུ་རྩལ》《གངས་རྒྱན་མེ་ཏོག》སོགས་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་སྟེང་རྩོམ་རིག་དཔྱད་བརྗོད་དང་སྙན་ངག་ཉིས་བརྒྱར་ཉེ་བ་བཀོད། སྙན་དེབ་ཐོག་མ་《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》ཞེས་པ་དེ1997ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད། དཔྱད་རྩོམ་དེབ་ཕྲེང་དང་པོ་《ཆོ་ལོ་མིག་དགུ》ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད།
