logo

དེབ་གསར《བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ 》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-28 ཀློག་གྲངས།:

             ད་ཐེངས་བོད་ཀྱི་ན་གཞོན་ལོ་རྒྱུས་རྩོམ་པ་བོ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱི2009ལོར་འགྲེམ་སྤེལ་བྱས་པའི་དགག་རྩོམ་གཅེས་བསྡུས《དེབ་ཐེར་ནག་པོ》ཞེས་པར་ཁ་གསབ་དང་དག་བཅོས་བྱས་ཏེ་བསྐྱར་དུ་དཔར་བསྐྲུན་བྱས་པ་རེད།


དགག་རྩོམ་གཅེས་བསྡུས《དེབ་ཐེར་ནག་པོ》

            ཉེ་ལམ་ཁོང་གིས་བརྩམས་པའི་ཡུལ་གངས་ཅན་བོད་ཀྱི་ལོ་རྒྱུས་ལས་འཁྱོག་པོར་བྲིས་པའི་ལྟ་ཚུལ་ཁ་ཤས་དྲང་པོའི་གཏམ་ལ་གསར་དུ་བརྗེ་བའི་ལེགས་བཤད་གཟི་ཡི་ཐང་མ་ཞེས་བྱ་བ་སྟེ《བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ》ཞེས་པའི་དཔེ་དེབ་གཉིས་ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་ཁྲོམ་རར་འགྲེམ་སྤེལ་བྱས་པ་རེད།


ལེགས་བཤད་གཟི་ཡི་ཐང་མ《བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ》

            དེབ་འདི་ནི་བོད་ཀྱི་ལོ་རྒྱུས་ཤེས་རིག་ལ་ཉམས་ཞིབ་བྱས་པའི་ལྟ་ཚུལ་རྐྱང་བས་གྲུབ་འདུག་ལ། འདི་ལས་མི་རབས་གསར་བའི་ཞིབ་འཇུག་པ་རྣམས་ཞིབ་འཇུག་གི་ཐབས་ལམ་དང་ཞིབ་འཇུག་གི་ནང་དོན་སོགས་ཀྱི་ཐད་ནས་ལམ་ཁ་གསར་བ་ཞིག་ལ་སྙེག་བཞིན་པ་རྟོགས་ཐུབ། གྲོགས་པོ་དཔེ་ཀློག་ལ་དགའ་བ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་ལ་རྒྱུས་ལོན་རེ་བྱེད་འདོད་ན་དཔེ་དེབ་འདི་གཉིས་ལ་བལྟས་ཚེ་ང་ཚོའི་ལོ་རྒྱུས་ཕྱོགས་ཀྱི་ནོར་འཁྲུལ་འགའ་ངོས་ཟིན་ཐོབ་པའི་བསམ་བློ་གསར་བ་རེ་འོང་སྲིད།

 ཟུར་བཀོད།   བོད་རང་གི་མཁས་པ་ཁ་ཤས་ཀྱིས་ཁོང་གི་དཔེ་དེབ་ལ་གདེང་འཇོག་བྱས་པའི་སྐད་ཆ་འགའ་གཤམ་གསལ་ལྟར་བཀོད་ན།
            དེབ་འདི་རུ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་ཕྱོགས་ལ་དཔྱད་པ་ཞིབ་འཇུག་བྱས་པའི་འབྲས་བུ་ཁག་ཅིག་བསྡུས་ཡོད།འདི་ལས་ཁོའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཕྱོགས་ཀྱི་བསམ་གཞིག་དང་ལྟ་ཚུལ་གསར་བ་མང་པོ་མངོན་འདུག་པས།དེབ་འདི་ནི་དོན་དང་ལྡན་ཞིང་།བློ་སྐྱེད་སྟེར་བ་ཞིག་རེད་སྙམ།       
                                                     མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱ་ཡེ་བཀྲ་བྷོ།

            ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་བོད་ཀྱི་རིག་གནས་ཀྱི་བྱུང་ཁུངས་བོན་ལ་ཐུག་ཡོད་ཅིང་དེ་བོད་ཀྱི་རིག་གནས་ཆ་ཤས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན།བོད་མི་རིགས་ལ་ངོས་འཛིན་ཡང་དག་ཅིང་ཆ་ཚང་བ་ཞིག་བྱེད་འདོད་ན།བོན་གྱི་རིག་གནས་དེ་ངེས་པར་དུ་ཧ་གོ་དགོས་པས།བན་ཤུལ་དཔལ་མཁར་རྒྱལ་གྱིས་དེ་ཕྱོགས་ཀྱི་འབད་འབུངས་གང་ནུས་གནངས་ཡོད་པར་དོན་སྙིང་ཆེན་པོ་ལྡན་སྙམ།
                                                     ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། སྟོང་སྐོར་ཚེ་རིང་ཐར།

            དཔྱད་རྩོམ་འདི་ནི་ལོ་རྒྱུས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས།མི་རིགས་ཀྱི་འདུ་ཤེས་དང་ཚན་རིག་གི་འདུ་ཤེས་གསལ་ཞིང་ཟབ་པའི་ཞིབ་འཇུག་གི་འབྲས་བུ་ཞིག་རེད།
                                                     མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  བུ་བཞི།

            བན་ཤུལ་དཔལ་མཁར་རྒྱལ་གྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ་ཞེས་པ་འདིའི་ནང་བོད་ཀྱི་ལོ་རྒྱུས་དང་།རིག་གནས།ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་དཔྱད་གཞིའི་ཡིག་རིགས་མང་པོ་རྒྱབ་བརྟེན་བྱས་ཏེ་རང་ཉིད་ཀྱི་ལྟ་ཚུལ་དམིགས་བསལ་ཅན་བཏོན་ཡོད་པ་འདིས་བོད་ཀྱི་ཤེས་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་བསྐྱེད་ཀྱི་ནུས་པ་ཆེན་པོ་ཐོན་པར་འགྱུར་རོ།།
                                                     བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཞབས་ཤར་ཟླ་བ་ཚེ་རིང་།


འབྲེལ་ཡོད་འོས་སྦྱོར།