logo

བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར་བའི་དཔེ་དེབཔར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མཁར་རྨེའུ་བསམ་གཏན། ༼ཧྥ་རན་སི༽ ཡོང་ཁུངས།:བོན་མང་དྲ་བ། དུས་ཚོད།:2011-01-15 ཀློག་གྲངས།:


ཧྥ་རན་སིའི་མཁར་རྨེའུ་བསམ་གཏན་གྱི<<མདའ་དང་འཕང>>ཞེས་པའི་དཔེ་དེབ་བོད་འགྱུར་མ།

  རྒྱལ་སྤྱི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ཚོགས་གཙོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་ལྗགས་རྩོམ«མདའ་དང་འཕང»ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་དང་། གཏམ་རྒྱུད། ཆོས་ལུགས་དད་མོས་དང་དེ་འབྲེལ་གྱི་ཆོ་ག བོད་ཀྱི་གསོ་བ་རིག་པ། འཛུགས་སྐྲུན་རིག་པ། བོན་གྱི་རིག་གནས་དང་འབྲེལ་བའི་གནད་དོན་སོགས་སྐོར་གྱི་དཔྱད་རྩོམ་སུམ་བཅུ་ལས་གྲུབ་པའི་དཔེ་དེབ་འགངས་ཆེན་ཞིག་ཡིན་ལ། བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་ནས་དབྱིན་ཇིའི་སྐད་ལས་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་ཞིག་རེད།
  འགྱུར་རྩོམ་འདིའི་རྩོམ་ལུས་དང་བརྗོད་བྱའི་ནང་དོན་གྱི་གོ་རིམ་སྒྲིག་སྟངས་ཐད་ནས་དབྱིན་སྐད་ཀྱི་འགྲོ་ལུགས་ཁྱད་ཆོས་དང་བསྟུན་གང་ཐུབ་བྱས་པ་མ་ཟད། དཔྱད་རྩོམ་གྱི་མཆན་འགྲེལ་དང་། ལུང་འདྲེན་སྟངས། མཚོན་རྟགས། དཔྱད་གཞིའི་ཡིག་རིགས་སྒྲིག་སྟངས་སོགས་གང་ཅིའི་ཐད་ཀྱི་ལེགས་ཆ་རྣམས་བསྡུས་ནས་རྒྱལ་སྤྱིའི་གོམས་སྲོལ་དང་མཐུན་གང་ཐུབ་བྱས་ཡོད་ལ། ཆབས་ཅིག་ཏུ་རྩོམ་ཡིག་རྣམས་བསྒྱུར་སྐབས་བོད་རང་གི་སྲོལ་རྒྱུན་གྱི་ཐ་སྙད་མིང་ཚིག་བེད་སྤྱོད་བྱེད་གང་ཐུབ་དང་། རྩོམ་པ་པོ་མཆོག་ནས་དབྱིན་ཡིག་ཐོག་ཕབ་སྒྱུར་མཛད་ནས་འཁོད་པའི་བོད་ཡིག་གི་མ་དཔེ་དང་འདྲེན་ཚིག་རྣམས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ནས་བེད་སྤྱོད་བྱས་ཡོད།
  དེབ་འདི་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་འདིས། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས། བོན་དང་འབྲེལ་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་སོགས་ལ་ཤེས་རྟོགས་དང་ཉམས་ཞིབ་བྱ་རྒྱུར་ཕན་ཆེན་པོ་ཡོད་པ་མ་ཟད། ཁྱད་པར་དུ་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོའི་ངོས་ནས་བརྗོད་ནའང་། ཁོང་ཚོར་དཔྱད་ཡིག་གསར་བ་ངོ་སྤྲོད་དང་། ཕྱི་རྒྱལ་གྱི་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོའི་ལྟ་བ་མཚམས་སྦྱོར་དང་བློ་སྒོ་གསར་འབྱེད། རིག་ལམ་དཔྱད་ཐབས་ཀྱི་ཐབས་ཤེས་དང་རྩལ་ལག་སློབ་སྦྱོང་དང་ལག་ལེན། ལྷག་པར་དུ་ལུང་རིགས་གཉིས་ཀྱི་ཁུངས་ལ་བརྩོན་གཉེར་བྱེད་པའི་ཞིབ་འཇུག་རྩ་དོན་དང་རྣམ་འགྱུར་རང་ལུས་ལ་འཇགས་པ་བྱེད་རྒྱུ། དེ་བཞིན་ཞིབ་འཇུག་སྐབས་ཀྱི་ལྟ་སྤྱོད་ལེགས་བཅོས་བྱེད་རྒྱུ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས་ཡིན།


འབྲེལ་ཡོད་འོས་སྦྱོར།