བོད་ཀྱི་རིག་གནས་སྙིང་བཅུད《གངས་ཏི་སེ་བོན་གཞུང་རིག་མཛོད》 ཞེས་པ་ཉེ་ལམ་པར་སྐྲུན་བྱེད་རྩིས་ཡོད་པ།

གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཞིག་དགོན་པའི་བླ་མ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གཙོ་བདག བོད་རིག་པའི་མཁས་དབང་ཆེན་མོ་རྒན་ཚེ་རིང་ཐར་གཉིས་ཀྱིས་རྟིང་སྐུལ་མཛད་འོག བོད་བརྒྱུད་ནང་བསྟན་ལ་སྤྲོ་བ་ཡོད་མཁན་མང་པོས་རྒྱབ་སྐྱོར་དང་རོགས་རམ་མཛད་པ་བརྒྱུད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱིས་ལོ་གསུམ་གྱི་རིང་དུ་འབད་པ་ལྷོད་མེད་བྱས་ཏེ། 《གངས་ཏི་སེ་བོན་གཞུང་རིག་མཛོད》རྩོམ་སྒྲིག་ལེགས་གྲུབ་བྱུང་བ་དང་། ཉེ་ལམ་མི་རིགས་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱེད་རྩིས་ཡོད་པ་རེད།

གངས་ཏི་སེ་བོན་གཞུང་རིག་མཛོད་རྩོམ་སྒྲིག་བྱེད་བཞིན་པ།
རིག་མཛོད་དེ་ནི་བོད་ཀྱི་རིག་གནས་བརྩམས་ཆོས་གཅེས་བསྡུས་ཤིག་ཡིན་པ་མ་ཟད། ཆེས་ཐོག་མར་རྩོམ་སྒྲིག་དང་པར་སྐྲུན་བྱས་པའི་བོན་ཆོས་དཔེ་ཚོགས་དེ་ཡང་ཡིན། 《གངས་ཏི་སེ་བོན་གཞུང་རིག་མཛོད》ལ་སྡོམ་པས་དེབ་ཉེར་ལྔ་ཡོད་ལ་གཙོ་བོ་རིག་གནས་དང་མདོ། སྔགས། རྫོགས་ཆེན་བཅས་ཁག་བཞི་ཡིས་གྲུབ་འདུག དེབ་ཉེར་ལྔ་ནི་འདི་ལྟ་སྟེ། དེབ་དང་པོ།སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། དེབ་གཉིས་པ།བརྡ་དག་སྒྲ་སྦྱོར་གྱི་སྐོར། དེབ་གསུམ་པ།སྙན་ངག་མངོན་བརྗོད་ཀྱི་སྐོར། དེབ་བཞི་བ།བཟོ་རིག་དང་རྩིས་ཀྱི་སྐོར། དེབ་ལྔ་བ།གསོ་རིག་འབུམ་བཞི། དེབ་དྲུག་པ།བསྡུས་ཚད་བློ་རྟགས་ཀྱི་སྐོར། དེབ་བདུན་པ།བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། དེབ་བརྒྱད་པ།ཐེག་རིམ་དང་དབུ་མའི་སྐོར། དེབ་དགུ་བ།ཐེག་པ་ཆེན་པོ་ས་ལམ་གྱི་སྐོར། དེབ་བཅུ་བ།ཕར་ཕྱིན་སྔ་དུམ་གྱི་སྐོར། དེབ་བཅུ་གཅིག་པ།ཕར་ཕྱིན་ཕྱི་དུམ་གྱི་སྐོར། དེབ་བཅུ་གཉིས་པ།སྣང་སྲིད་མཛོད་ཕུགས་ཀྱི་སྐོར། དེབ་བཅུ་གསུམ་པ།འདུལ་བ་རྒྱས་བསྡུས་ཀྱི་སྐོར། དེབ་བཅུ་བཞི་བ།སྡེ་སྣོད་མཛོད་རྩ་འགྲེལ། དེབ་བཅོ་ལྔ་བ།སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ། དེབ་བཅུ་དྲུག་པ།ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག་གི་སྐོར། དེབ་བཅུ་བདུན་པ།གསང་སྔགས་བཀའ་འགྲེལ་གྱི་སྐོར། དེབ་བཅོ་བརྒྱད་པ།གསང་སྔགས་མ་རྒྱུད་ཀྱི་སྐོར། དེབ་བཅུ་དགུ་བ།རྫོགས་ཆེན་ཚད་མའི་སྐོར། དེབ་ཉི་ཤུ་བ།རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར། དེབ་ཉེར་གཅིག་པ།རྫོགས་ཆེན་སྐུ་གསུམ་རང་ཤར། དེབ་ཉེར་གཉིས་པ།བྱང་སེམས་གབ་པ་དགུ་སྐོར་གྱི་རྩ་འགྲེལ། དེབ་ཉེར་གསུམ་པ།རྫོགས་ཆེན་ཡོངས་རྩེ་ཀློང་ཆེན། དེབ་ཉེར་བཞི་བ།རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། དེབ་ཉེར་ལྔ་བ།རྫོགས་ཆེན་ཡེ་ཁྲི་མཐའ་སེལ།
དཔེ་ཚོགས་དེ་ཡིས་གཡུང་དྲུང་བོན་གྱི་བླ་ཆེན་སྤྲུལ་སྐུ་དང་རིག་གཞུང་མཁས་དབང་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཡོད་ལ། མཁས་དབང་དེ་དག་གིས་གདེང་འཇོག་ཡང་ཆེན་པོ་མཛད་ཡོད་པ་རེད།
དཔེ་ཚོགས་དེར་ལོ་རྒྱུས་སྟེང་གི་གཡུང་དྲུང་བོན་གྱི་ལག་བྲིས་དང་ཤིང་པར་ཡིག་ཆ་རྩ་ཆེན་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། འཛམ་གླིང་བོད་རིག་པའི་རིག་གནས་བང་མཛོད་ཕུན་ཚོགས་སུ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད།
