logo

དགུ་རོང་བསྟན་འཛིན་གྱིས་བརྩམས་པའི《དགུ་རོང་དགོན་པའི་ལོ་རྒྱུས་གདན་རབས》

རྩོམ་པ་པོ།:དགུ་རོང་བསྟན་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-12 ཀློག་གྲངས།:


སྔ་དར་བསྟན་པའི་ཞིང་ས་ལས་སྐྱེས་ཤིང་ཕྱི་དར་བསྟན་པའི་ཆུ་མགོ་འཐུངས་པའི་མེ་ཏོག

གཅིག ལོ་རྒྱུས་དེབ་ཐེར་འདི་འབྲི་བའི་དམིགས་ཡུལ།
  སྤྱིར་སའི་གོ་ལའི་ཁྱོན་གྱི་ས་གནས་གང་ཞིག་ཡིན་ཀྱང་ས་གནས་དེ་ལ་ས་གནས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ། དགའ་ཁ་ཁྱེར་ཕྱོགས། བཟོ་བཀོད་སྒྱུ་རྩལ་སོགས་ཀྱི་ཁྱད་ཆོས་མི་ཉུང་བ་ཞིག་ཡོད་པ་མ་ཟད། ས་གནས་དེ་དང་མི་རིགས་དེའི་འཕེལ་རིམ་གྱི་ཁྲོད་དུ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ཞན་ཆ་མི་ཉུང་བ་ཞིག་ཀྱང་ཡོད་སྲིད་པས། དོན་དངོས་སུ་ས་གནས་ལོ་རྒྱུས་དེབ་ཐེར་ནི་ས་གནས་རང་ཉིད་འཕེལ་རྒྱས་ཀྱི་ཁྱིམ་རྒྱུད་ནོར་བུ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་ས་གནས་རང་ཉིད་ཀྱི་ཞན་ཆ་འཆར་བྱེད་ཀྱི་མེ་ལོང་གསལ་བོ་ཞིག་ཀྱང་ཡིན་པས། རྒྱལ་ཁའི་ཉམས་མྱོང་དང་ཕམ་ཁའི་བསླབ་བྱ་ཟུང་དུ་སྦྲེལ་བའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་རིན་ཐང་དང་། རིག་གནས་ཀྱི་རིན་ཐང་། འཕེལ་རྒྱས་ཀྱི་རིན་ཐང་། སྤྱི་ཚོགས་འཆམ་མཐུན་གྱི་རིན་ཐང་སོགས་ལྡན་ཡོད།
  གཅན་ཚའི་ལོ་རྒྱུས་ལ་མཚོན་ན། ཡུལ་འདིར་མི་ལོ་ལྔ་སྟོང་ལྷག་གི་རིག་གནས་ལོ་རྒྱུས་ཡོད་པ་ད་ལྟ་གནའ་རྫས་བརྟག་དཔྱད་ཀྱི་ཚན་རིག་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་གསལ་བོར་ཤེས་ཡོད་དེ། 1965ལོར་གཅན་ཚའི་གདོང་སྣའི་མཁར་ཐོག་དང་ཕྱིས་སུ་དགུ་རོང་དགོན་པ་ཆགས་ཡུལ་བྲག་ཁང་སྣ་ཁའི་ས་འོག་ནས་ཪྙེད་པའི་མ་ཇ་ཡའོ་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་རྫ་བུམ་སྐྱ་རིས་ཅན་དང་། ཚོན་རིས་ཅན་དེ་དག་གིས་དངོས་སུ་བདེན་དཔང་གསལ་བོ་བྱས་ཡོད། གཅན་ཚ་ལ་མི་ལོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལོ་རྒྱུས་ཡོད་པ་ཚིག་ཐག་བཅད་ནས་བཤད་ཆོག་ལ། དེ་དང་མཉམ་དུ་གཅན་ཚ་ས་ཁུལ་ནི་ལོ་ངོ་ལྔ་སྟོང་ལྷག་གི་རིག་གནས་ལོ་རྒྱུས་ཡོད་པའི་གནའ་བོའི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཏུན་ཧོང་གཏེར་མཛོད་གཉིས་པ་ཞིག་མཚོ་བོད་མཐོ་སྒང་སྟེང་གི་མི་ལོ་ལྔ་སྟོང་གི་ལོ་རྒྱུས་འོད་སྟོང་འཕྲོ་བའི་གསང་རྒྱའི་དེབ་ཆུང་ཞིག་བཅས་ཡིན་པས། རྩོམ་པ་པོས་ཆེད་དུ་གནའ་བོའི་རིག་གནས་བང་མཛོད་ཆེན་པོ་འདིའི་ནང་གི་གནའ་དགོན་ལོ་རྒྱུས་ཀྱི་ཤོག་ལྷེ་ཧྲུལ་བོ་གཅིག་གམ་རྨ་འགྲམ་ཏུན་ཧོང་གཏེར་མཛོད་ནང་གི་ཟགས་རལ་དུ་འགྱུར་བཞིན་པའི་གནའ་བོའི་རི་མོ་ཆུང་ཆུང་ཞིག མཚོ་བོད་མཐོ་སྒང་ན་ས་ཆུ་མེ་རླུང་གི་མངལ་དུ་འཐིམ་ལ་ཉེ་བའི་གསང་རྒྱའི་དེབ་ཆུང་ནང་གི་སེར་ཤོག་ཧྲུལ་ཆུང་འདི། དེང་རབས་གཅན་ཚའི་ཡུལ་སྐོར་དང་ཁ་འབྲལ་ཐབས་མེད་པའི་དཔེ་ཆ་གལ་ཆེན་ཞིག་དང་། མཚོ་བོད་མཐོ་སྒང་གི་ལོ་རྒྱུས་ཟུར་རྒྱན་རྨད་དུ་བྱུང་བ་ཞིག་ཏུ་གྲུབ་ཡོད་ལ། ཁྱད་པར་དུ་མཚོ་བོད་མཐོ་སྒང་གི་སྔ་དར་བསྟན་པའི་ཞིང་ས་དང་། ཕྱི་དར་བསྟན་པའི་ཆུ་མགོ་གཅིག་པུར་གྱུར་བའི་གཅན་ཚའི་ལོ་རྒྱུས་འདི་དེང་དུས་ཀྱི་རྩོམ་པ་པོ་གྲགས་ཆེན་དགུ་རོང་བསྟན་འཛིན་ལགས་ཀྱིས་རྔུལ་ཆུ་སྣག་ཚ་དང་ཟླ་ཕོགས་མ་དངུལ་བྱས་ཏེ་ཀློག་པ་པོ་རྣམས་ལ་གཟིགས་ཞིབ་ཏུ་ཕུལ་བ་འདི་ནི་ཤིན་ཏུ་རིན་ཐང་ལྡན་པ་ཞིག་རེད།
གཉིས། ལོ་རྒྱུས་གདན་རབས་འདིའི་ཁྱད་ཆོས་གལ་ཆེན།
  ལོ་རྒྱུས་གདན་རབས་འདི་ལ་མཚོན་ན། འབུར་དུ་ཐོན་པའི་ཁྱད་ཆོས་དུ་མ་ཡོད་ཚུལ་ནི།གཅིག་ནས་ཡུལ་འདི་མི་ལོ་ལྔ་སྟོང་གིས་ཕྱུག་པའི་གནའ་བོའི་ལོ་རྒྱུས་ཁང་ཞིག་དང་།དམངས་སྲོལ་རིག་གནས་ཁང་ཞིག བཟོ་བཀོད་སྒྱུ་རྩལ་ཁང་ཞིག ངལ་རྩོལ་གསར་བཏོད་ཀྱི་ལོ་རྒྱུས་ཁང་ཞིག་བཅས་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག་པས། རང་བཞིན་གྱིས་མཚོ་བོད་མཐོ་སྒང་ལོ་རྒྱུས་ནང་གི་གཟི་ཡི་ཕྲ་ཆེན་ཞིག་ཏུ་གྲུབ་པའི་ཁྱད་ཆོས་མངོན་གསལ་ཡོད་པ་རེད། གཉིས་ནས་ཡུལ་འདི་བསྟན་པ་སྔ་དར་གྱི་རིག་གནས་དར་བའི་ཞིང་ས་ཆེན་པོ་ཞིག་ཡིན་ཞིང་སྔ་དར་གྱི་མཁས་གྲུབ་འགས་བསྔགས་བརྗོད་མཛད་པའི་ཁྱད་ཆོས་ཡོད། གསུམ་ནས“ཕྱི་དར་བསྟན་པའི་ཆུ་མགོ”རུ་གྱུར་བས་ཕྱི་དར་རིག་གནས་དར་བའི་ཚབ་བྱེད་ས་ཁུལ་དང་ཕྱི་དར་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། བཞི་ནས་ཡུལ་འདིར་རྨ་ཀླུང་ཆུ་བོ་སུམ་པ་འགག་དང་ཀླུ་རྒྱལ་འགག་སོགས་གཡང་གཟར་གྱི་འགག་ཕྲེང་བརྒྱུད་ནས་ཡུལ་འདིའི་མཐའི་ལྕགས་རིའི་ཚུལ་དུ་གཡོན་ནས་གཡས་བསྐོར་དུ་བཞུར་བ་དང་། དགུ་འདུས་ཆུ་བོ་དང་། མནོལ་ཆུ་དྭངས་མོ་གཉིས་འདྲེས་ཏེ་གཡས་ནས་གཡོན་བསྐོར་དུ་གཅན་ཚའི་སྣང་རའི་བྲག་དམར་གྱི་སྡེ་བརྒྱད་རྦ་ཀླུང་འཚུབ་པའི་གདོང་འདབ་ཏུ་རྨ་ཀླུང་ཆུ་བོ་དང་དགུ་འདུས་ཆུ་བོ་གཉིས་ལྷན་འདྲེས་སུ་གྱུར་བས། རང་བཞིན་གྱིས་རྫོང་འགག་ཤིན་ཏུ་བཙན་ཞིང་ཡུལ་འདིར་རྨ་ཆུ་ཟམ་པ་བྱུང་ནས་ལོ་ངོ་སུམ་ཅུ་ཙམ་གྱི་ལོ་རྒྱུས་ལས་མེད་ཅིང་། ས་རོང་ཤིན་ཏུ་བཙན་པས་ལོ་རྒྱུས་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་སྔོག་འདོན་གསལ་བཤད་བྱེད་པའི་ཁྱད་ཆོས་ཡོད། ལྔ་ནས་མི་ལོ་ལྔ་སྟོང་གི་ལོ་རྒྱུས་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་ས་མིང་རིག་གནས། སྔ་དར་དང་ཕྱི་དར་རིག་གནས་བཅས་གནའ་དེང་རིག་གནས་སུམ་འདྲེས་སུ་གྱུར་ཚུལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དྲུག་ནས་གདན་རབས་ལོ་རྒྱུས་འདིས་གཅན་ཚ་རྫོང་དང་གྲོང་ཚོ་ཁག་བཅུ་གཉིས། ཤོག་སྡེ་དོན་དགུའི་ས་མིང་རེ་རེ་བཞིན་ཇི་ལྟར་ཐོགས་ཚུལ་ལ་དྲིས་ལན་གསལ་བོ་ཞིག་བཏབ་ཡོད་པ་མ་ཟད། བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ་ཆོད་ཁ་གསུམ་ལས་སྒོས་སུ་མདོ་སྨད་གཅན་ཚའི་ཡུལ་དང་མདོ་སྨད་རི་བོ་དན་ཏིག་ཏུ་ཕེབས་པ་ལ་ཐུན་མོང་མ་ཡིན་པའི་དྲིས་ལན་གསལ་བོ་ཞིག་བཏབ་པ་སོགས་ཀྱི་ཁྱད་ཆོས་ཡོད། བདུན་ནས་མདོ་སྨད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རྒྱུན་གྱི་བྱུང་ཚུལ་རེ་རེ་གསལ་བར་བརྗོད་ཡོད་པ་མ་ཟད། དེབ་ཐེར་ལ་ཟུར་རྒྱན་འདྲ་དཔར་གྱིས་ཕྱུག་ཅིང་ཕག་བྲིས་བསྟར་མའི་རྒྱུ་ཆ་གལ་ཆེན་མང་བོ་དངོས་སུ་བཀོད་ཡོད་པ་དང་། མཇུག་ཏུ་བསྟན་རྩིས་ལོ་ཚིགས་གལ་ཆེན་གྱིས་མཐའ་བརྒྱན་ཡོད་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད།
གསུམ། ལོ་རྒྱུས་གདན་རབས་འདི་ལས་བྱུང་བའི་ཉམས་མྱོང་དང་རེ་བ།
  ལོ་རྒྱུས་གདན་རབས་འདི་འབྲི་བའི་གོ་རིམ་ཁྲོད་དུ་རྩོམ་པ་པོས་རང་ཅག་གིས་གནའ་དེང་གི་ལོ་རྒྱུས་ལ་གཙིགས་ཆེན་མ་བྱས་པའི་དབང་གིས་འདས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཆེས་གལ་ཆེ་བ་མང་བོ་ཆུད་ཟོས་སུ་འགྲོ་བཞིན་ཡོད་ནའང་ད་དུང་སྣང་བ་ཙམ་ཡང་མེད་པས། ལོ་རྒྱུས་ལ་རྨོངས་ཁུལ་ཤིན་ཏུ་མང་བ། སྤྱིའི་ལོ་རྒྱུས་དེབ་ཐེར་དུ་མདོ་སྨད་ལོ་རྒྱུས་ཀྱིས་ཟིན་ཚད་ཤིན་ཏུ་དམའ་ཞིང་ཁྱབ་རྒྱ་ཤིན་ཏུ་ཆུང་བས། དེ་རིང་ཡོད་ཆོག་ཆོག་ཡིན་པའི་ལོ་རྒྱུས་ལས་བྱུང་བའི་ཉམས་མྱོང་རིན་ཐང་ལྡན་པ་དང་ཕམ་ཁའི་བསླབ་བྱ་གང་མང་ཞིག་འབྱུང་བ་ཆེན་པོའི་ལྟོ་རུ་ཐིམ་ཟིན་པའི་ཕྱིར་ན། ཆེད་དུ་བོད་ཀྱི་རིག་གནས་ལོ་རྒྱུས་དང་། བཙན་པོའི་གདན་རབས། བསྟན་པ་སྔ་དར་དང་ཕྱི་དར་གྱི་ཁྲོད་དུ་གོ་གནས་འགངས་ཆེན་ཟིན་ཅིང་། སྔ་དར་བསྟན་པའི་ཞིང་ས་དང་ཕྱི་དར་བསྟན་པའི་ཆུ་མགོ་བོད་ཀྱི་མཁས་པ་མི་གསུམ་གྱིས་ལོ་ངོ་ཉི་ཤུ་ལྷག་ལ་བསྟན་པའི་མེ་རོ་གསོས་ཏེ་ཡུལ་གྲུ་ཀུན་ལ་ཁྱབ་ས། ལྷ་ལུང་དཔལ་གྱི་རྡོ་རྗེས་བྱང་ཆུབ་སེམས་ཀྱི་སྡོམ་རྒྱུན་སྤེལ་ས། ཕྱི་དར་བསྟན་པའི་དགེ་སློང་ཐོག་མ་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་རྒྱུན་སྤེལ་ས་བཅས་ཡིན་པ་སོགས་ཀྱི་ལོ་རྒྱུས་ཁུངས་སྣེ་གལ་ཆེན་མང་པོ་ཞིག་ལ་ཁ་གསལ་གྱི་ལུང་ཚིག་བཀོད་ནས་ཡོད་པ་དང་། སྔར་མེད་ཀྱི་རྒྱུ་ཆ་མང་བོར་ཁ་གསབ་ཐུབ་ཡོད་པའི་དགེ་མཚན་གྱིས་བརྒྱན་ནས་ཡོད་པས་བཀླག་རིན་གྱི་དོན་སྙིང་ཆེན་པོ་ལྡན་ནས་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།