logo

༄༅། ། ཧི་མ་ལ་ཡའི་རིག་མཛོད་ཁང་དང་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པས་རྡོ་སྦིས་སློབ་འབྲིང་ལ་བོད་ཡིག་དཔེ་ཆ་གནང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-02 ཀློག་གྲངས།:
     སྤྱི་ཟླ11པའི་ཚེས29ཉིན། ཧི་མ་ལ་ཡའི་རིག་མཛོད་ཁང་དང་སི་ཁྲོན་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མཚོ་སྔོན་བོད་ཀྱི་གནའ་དཔེ་ཞིབ་འཇུག་ཚོགས་པར་མཉམ་འབྲེལ་སྒོས《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གནང་སྦྱིན་གྱི་མཛད་སྒོ་བསྡུས་ཤིང་། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་སློབ་འབྲིང་དུ་གསུང་འབུམ་གླེགས་བམ95སྦྱིན།
     ཐེངས་འདིའི་བྱ་འགུལ་ནི་ཧི་མ་ལ་ཡའི་རིག་མཛོད་ཁང་དང་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པའི་བོད་ཡིག་རིག་མཛོད་ཆེན་མོ《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གནང་སྦྱིན་གྱི་བྱ་འགུལ་དེ་མཚོ་སྔོན་དུ་སྤེལ་བ་ཡིན་ལ། མཚོ་སྔོན་བོད་ཡིག་གནའ་དཔེ་ཞིབ་འཇུག་ཚོགས་པས་ལག་བསྟར་བྱེད་པར་བརྒྱུད། བསྡོམས་པས་མཚོ་སྔོན་ཞིང་ཆེན་ལ་གསུང་འབུམ་དེབ་ཕྲེང127གནང་བ་ཡིན་ལ། དེ་ལས་སྤུས་ལེགས་ཅན་གསུང་འབུམ་དེབ་ཕྲེང45དང་རིན་གོང་སྒོར་ཁྲི135དང་། སྟབས་བདེ་པར་མའི་གསུང་འབུམ་དེབ་ཕྲེང82དང་རིན་གོང་སྒོར་ཁྲི65.6ཡིན། གསུང་འབུམ་དེབ་ཕྲེང་རེ་ལ་གླེགས་བམ95ཡོད་ཅིང་། ཐེངས་འདིར་མཚོ་སྔོན་ལ་བསྡོམས་པས་གླེགས་བམ12350སྦྱིན་པ་དང་རིན་གོང་སྒོར་ཁྲི200.6ཡིན།
     བོད་ཡིག་གནའ་དཔེ་ལེགས་བསྒྲིགས་ཀྱི་དཔེ་དེབ་འདི་དག་ནི་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གཞུང་ཕྱོགས་དང་སྒེར་གཉེར་དཔེ་མཛོད་ཁང་དང་། མཐོ་རིམ་སློབ་ཆེན་དང་སློབ་འབྲིང་གི་དཔེ་མཛོད་ཁང་། བོད་ཡིག་བོད་སྐད་ཞིབ་འཇུག་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལ་གནང་བ་ཡིན་ཞིང་། མིག་སྔར་གནང་སྦྱིན་གྱི་དཔེ་ཆ་ཡོངས་སུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོར་བསྐུར་ཟིན།
     ཆེད་མཁས་པས་མཚམས་སྦྱོར་གནང་བ་ལྟར་ན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ(1376-1451)ནི་རིག་པའི་གནས་ལྔ་དང་མདོ་སྔགས་ཀུན་ལ་མཁས་པའི་གནའ་རབས་ཀྱི་ནང་བའི་སློབ་དཔོན་ཆེན་མོ་དང་རིག་གནས་ཤེས་ཡོན་པ། ལོ་ཙཱ་བ་བཅས་ཡིན་ལ། བརྩམས་ཆོས་ལ་ད་སྔ་ཉར་ཚགས་བྱས་ཡོད་པའི་ཕལ་ཆེར140ལྷག་འདུས།
     རྒྱུས་ལོན་པ་ལྟར་ན། 《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》ནི2014ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་དཔེའི་ལྔའི་འཆར་འགོད་བཅུ་གཉིས་པའི་གཙོ་གནད་ལས་གཞི་ཡིན་ལ། དེབ་ཕྲེང་རེར་གླེགས་བམ95ཡོད། བོད་ཡིག་གསུང་འབུམ་འདི་ནི་དུས་རབས་སྔོན་མའི་དུས་དཀྱིལ་ལ་ཕྱིའི་རྒྱལ་ཁབ་ཏུ་ཤོར་བའི་བོ་དོང་པཎ་ཆེན་གྱི་ལག་བྲིས་མ140ལྷག་གཞིར་བཟུང་སྟེ་བསྒྲིགས་པ་དང་། བསྡོམས་པས་ཡིག་འབྲུ་ཁྲི4000ལྷག་ཡོད། ནང་དོན་ནི་ནང་བསྟན་གཙོ་བྱས་རིག་པའི་གནས་བཅུ་ཡིན་ལ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་རིག་མཛོད་ཆེན་མོ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།