logo

༄༅།།སྲི་ཐར་རྡོ་རྗེའི་སྒྲུང་དེབ《འབྱུང་བཞི་བདེ་བཀོད》པར་དུ་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-05-18 ཀློག་གྲངས།:
སྒྲུང་མཁན་སྲི་ཐར་རྡོ་རྗེས་བཤད་པའི་གེ་སར་སྒྲུང་།
སྔོན་འགྲོའི་གཏམ།
ཚེ་བརྟན་བཀྲ་ཤིས་ཀྱིས།
བོད་རིག་པ་ནི་བོད་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་དང་བསམ་བློའི་འཁྱེར་སོ། སྐད་དང་ཡེ་གེ། རྩོམ་རིག་དང་སྒྱུ་རྩལ། གསོ་བ་རིག་པ་དང་གནམ་རིག་སྐར་རྩིས། མངོན་བརྗོད་དང་ཟློས་གར། བརྐོས་བཟོ་དང་མཛེས་རིས། ལག་རྩལ་དང་ཡུལ་སྲོལ་སོགས་མདོར་ན་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཁོངས་སུ་གཏོགས་པའམ་མ་གཏོགས་པའི་ཤེས་བྱའི་གནས་འདི་དང་དེ་ལ་སོགས་པར་གོ་དགོས། དེ་ཡང་དུས་རབས་བཅུ་དགུའི་ལོ་རབས་སུམ་ཅུའི་སྐབས་སུ་ཧང་ག་རིའི་བོད་རིག་པ་མཁས་ཅན་ཆའོ་མཱ་ཡིས་བོད་རིག་པ་ཞེས་པའི་རིག་ཚན་གསར་པ་ཞིག་སྲོལ་བཏོད་པ་ནས་བཟུང་ལོ་ངོ་བརྒྱ་ལྷག་ཙམ་ནང་འཛམ་གླིང་ཡུལ་གྲུ་ཁག་གི་ཚན་ཞིབ་ཚན་པ་དང་སློབ་གྲྭ་ཆེ་ཁག་ལ་བོད་རིག་པའི་བགྲོ་གླེང་དང་སློབ་ཚན་སོགས་བཀོད་སྒྲིག་བྱས་པ་བརྒྱུད་བོད་རིག་པར་ཞིབ་འཇུག་དང་སློབ་གཉེར་བྱེད་མཁན་གྱི་དཔུང་ཁག་དེ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད་ལ་བོད་རིག་པ་མཁས་ཅན་མང་དག་ཅིག་ཐོན་དང་ཐོན་མུས་ཡིན། རང་རྒྱལ་དུ་ཡང་བོད་ཀྱི་རིག་གནས་ལ་མཐོང་ཆེན་གྱིས་ཞིབ་འཇུག་གི་ཚ་རླབས་འཕྱུར་བ་དང་བོད་ཀྱི་ཤེས་རིག་ལ་མོས་པའི་ཞིབ་འཇུག་པའི་དཔུང་ཁག་ཀྱང་ཆར་ཤུལ་གྱི་སྨྱུག་རྩ་རྒྱས་པ་བཞིན་ཐོན་ཡོད་ལ་ཞིབ་འཇུག་གི་དཔྱད་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད་པ་ནི་བོད་རིག་པར་སྤྲོ་བའི་སྐྱེ་བོ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་གླེང་དང་གླེང་མུས་ཡིན།
དེང་གི་ཆར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འགྲོས་སྟབས་ཀྱི་འཁོར་ལོ་དུས་རབས་ཉེར་གཅིག་གི་དུས་འགོར་སླེབས་པ་དང་། ཁ་བའི་ལྗོངས་ཀྱི་གནས་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་ཡུན་ཐུང་དུས་རབས་ཕྱེད་ཙམ་ནང་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་སྟེ་རྒྱ་ཆེའི་མི་དམངས་རྣམས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་གསར་པར་རོལ་བཞིན། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་བྱ་གཞག་ཁག་ཟླ་བ་ཡར་ངོའི་དཔལ་ལ་ཅོ་འདྲི་བ་ལྟར་གོང་འཕེལ་འགྲོ་དང་འགྲོ་མུས་སུ་ཡིན། ཁ་བའི་ལྗོངས་ཀྱི་བོད་རིག་པའི་བྱ་གཞག་གི་པདྨའི་དགའ་ཚལ་འདི་ཉིད་ཀྱང་ཏང་གི་མཛད་ཕྱོགས་སྲིད་ཇུས་བཟང་པོའི་སྦྲང་ཆར་ཟིམ་བུས་ཚིམས་པར་བསྲིངས་ཏེ་ལང་ཚོའི་གེ་སར་ངོམས་བཞིན་དུ་བརྩམས་ཆོས་ཟེའུ་འབྲུའི་སྙིང་པོས་དཔྱིད་ཀྱི་དཔལ་ཡོན་ལ་རབ་ཏུ་འཁུ་བར་བྱེད། དུས་ཀྱི་བསྐལ་པ་བཟང་པོ་འདི་འདྲའི་འོག་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཀྱི་བགྱི་བ་ལྷུར་ལེན་གནང་བཞིན་པའི་དགེ་བའི་བཤེས་གཉེན་ཚོགས་རྣམས་དང་བོད་རིག་པའི་ཤེས་བྱར་བརྩོན་པ་བསྐྱེད་མུས་ཡིན་པའི་རམས་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་བཅས་ཀྱིས་མར་ཁེ་སི་ཡི་དངོས་གཙོ་སྨྲ་བའི་ལོ་རྒྱུས་ཀྱི་ལྟ་བ་དང་དུ་བླངས་ཏེ་དངོས་ཐོག་བདེན་འཚོལ་གྱིས་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་དང་། རྟོག་དཔྱོད་དང་ཡིག་ཚང་གཉིས་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་རིག་པའི་རྩལ་ལས་འཁྲུངས་པའི་བརྩམས་བྱ་ཁག་ངེད་ཞིབ་འཇུག་ཁང་ནས་མཐུན་རྐྱེན་སྦྱར་ཏེ་མུ་འབྲེལ་དུ་དཔར་སྐྲུན་བྱས་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཏེ་བོད་རིག་པའི་བྱ་གཞག་འདི་ཉིད་དབྱར་གྱི་ཆུ་གཏེར་བཞིན་རྒྱས་པའི་སླད་དུ་ལེགས་སྐྱེས་ཕྲན་བུ་ཞིག་འབུལ་འདོད་སྙམ།
བོད་ལྗོངས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གིས་མཐུན་རྐྱེན་སྦྱར་བའི་བོད་རིག་པའི་དཔེ་ཚོགས་འདི་དག་གི་དཔྱད་བྱའི་ནང་དོན་ཁྱབ་རྒྱ་ཆེ་སྟེ། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། རྩོམ་རིག དམངས་སྲོལ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སོགས་པའི་ནང་དོན་ཅི་རིགས་པ་ཚུད་ཡོད་པ་དང་མུ་འབྲེལ་དཔེ་ཚོགས་འདིར་ཐུན་མིན་དགེ་མཚན་འགའ་མཆིས་ཏེ།
གཅིག དཔེ་ཚོགས་འདིའི་ཁོངས་སུ་གཏོགས་པའི་བརྩམས་ཆོས་དེ་དག་ལས་དུས་སྐབས་ངེས་ཅན་ཞིག་རིང་གི་ཞིབ་འཇུག་པའི་ཞིབ་འཇུག་ཁྱད་ཆོས་དང་ཆུ་ཚད་མཚོན་ཡོད་པ་དང་། ལྟ་ཀློག་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད། 
གཉིས། དཔེ་ཚོགས་ནང་བཅུག་པའི་བརྩམས་ཆོས་དེ་དག་རང་རང་གི་ཞེ་འདོད་དང་བློ་མོས། ཕྱོགས་ཞེན། ལངས་ཕྱོགས་སོགས་ལ་བརྟེན་ནས་ཅི་འདོད་གང་དྲན་དུ་བྲིས་པ་ཞིག་མ་ཡིན་པར་གཞུང་ལུགས་དང་ཡིག་ཚང་རྒྱབ་རྟེན་བྱས་ཏེ་ངེས་པ་དོན་དང་ལྡན་པ་ཞིག་ཡིན་ཞིང་། མེད་པ་ཁ་བསྐངས་ཞེས་བརྗོད་ཚེ་འུད་བརྗོད་དུ་འགྲོ་ཆེ་ཡང་། ཚད་ངེས་ཅན་ཞིག་ནས་ཉམས་མྱོང་སྤེལ་རེས་ཀྱི་ལེགས་སྐྱེས་ཅུང་བཟང་པོ་ཞིག་ཡིན་པར་སྙམ། 
གསུམ། དཔེ་ཚོགས་དེ་དག་གི་དཔྱད་བྱའི་ནང་དོན་རྒྱ་ཆེ་བ་དང་། ལུང་རིག་སྒྲུབ་བྱེད་ཁུངས་བཙན་པ། དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་པ། རང་གི་ལྟ་ཚུལ་གསལ་སྟོན་ཐུབ་པ། བརྩམས་ཆོས་སྤྱིའི་གོ་རིམ་གསལ་ཞིང་རྗོད་བྱེད་ཚིག་སྦྱོར་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཐད་ལ་ཕན་ནུས་ངེས་ཅན་ཐོན་སྲིད་པ་བཅས་སོ།།
མདོར་ན། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་ཁང་གིས་བོད་རིག་པའི་དཔེ་ཚོགས་འདི་ཉིད་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སླད་དུ་ལག་རྗེས་ཕྲན་བུ་ཞིག་འཇོག་སྙམ་པའི་ཀུན་སློང་གཙང་མའི་འོག་དཔར་སྐྲུན་གྱི་མཐུན་རྐྱེན་སྐྲུན་པ་ཞིག་ཡིན་མོད། འོན་ཏེ་རྩོམ་པ་པོའི་ཆུ་ཚད་དང་ཤེས་ཚད་ཀྱི་རྐྱེན་པས་རྨོངས་པའི་རྫོབ་དང་ནོངས་པའི་འགྱོད་ཇི་སྙེད་ངེས་པར་ཡོང་སྲིད་པས་གཟུར་གནས་མཁས་དབང་རྣམས་ལ་སྙིང་དབུས་ནས་མཐོལ་ལོ་ཐུགས་ཀྱིས་བཟོད་པར་མཛོད་ཅེས་དང་། དགོངས་འཆར་ལྷུག་སྩོལ་ཡོང་བའི་འདུན་པ་བཅངས་བཞིན་ཡོད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་པ་ཚེ་བརྟན་བཀྲ་ཤིས་ནས་༢༠༡༦ལོའི་ཟླ་ཚེས་བཟང་པོར་ལྷ་ལྡན་གྲོང་དུ་སྦྱར།
ནང་དོན་གནད་བསྡུས།
གླིང་གེ་སར་རྒྱལ་པོའི་སྒྲུང་ལ་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཆུང་བརྩི་བརྩི་གྲངས་མེད། བདུད་ཆེན་བཞི། དམྱལ་གླིང་། ཁམས་གསུམ་བདེ་བཀོད་ཅེས་སྒྲུང་ཚན་གྲངས་ཀྱིས་མི་ཆོད་པ་ཡོད་ལ།སྒྲུང་པ་ལ་དབྱེ་ནའང་བབས་སྒྲུང་དང་། པྲ་སྒྲུང་། གཏེར་སྒྲུང་། འབྲི་སྒྲུང་། ཐང་སྒྲུང་། བརྒྱུད་སྒྲུང་། ཐོས་སྒྲུང་། འདོན་སྒྲུང་ཞེས་དབྱེ་བ་མི་འདྲ་བ་ཡོད་པ་དང་། སྒྲུང་པ་དེ་དག་གིས་གསུངས་པའི་སྒྲུང་ཚན་ལ་ཡང་མཐའ་མའི་གྲངས་ཀྱི་མཐའ་མ་ཡིན་པར་སྒྲུང་པ་མི་འདྲ་བ་རེར་རང་གི་བློ་གྲོས་ལ་བརྟེན་ནས་སྒྲུང་ཚན་མི་གཅིག་པ་འགའ་རེ་གསུང་ཐུབ་པས། བོད་མི་རིགས་མ་སྟོང་བར་དུ་གླིང་སྒྲུང་ལ་རྫོགས་པའི་མཐའ་མེད་ཅེས་བཤད་ན་ཧར་གཏམ་མ་ཡིན་སྙམ། ད་བར་སྒྲུང་པ་གྲགས་ཅན་ཚོས་གསུངས་པའི་སྒྲུང་ལ་གཞིགས་ན། ལྷ་གླིང་ནི་གླིང་སྒྲུང་གི་འགོ་ཚུགས་སར་བརྩི་ཞིང་། ལྷ་གླིང་ནས་རིམ་བཞིན་སྒྲུང་ཚན་ཁག་གི་སྒོ་མོ་འབྱེད་ཀྱི་ཡོད། ད་ཐེངས《འབྱུང་བཞི་བདེ་བཀོད》དམ《སྲིད་པ་ཆགས་ལུགས》ཞེས་པའི་སྒྲུང་ཚན་འདིར་ཨ་ནེ་གནམ་གྱི་རྒྱལ་མོས་ལྷ་ཆེན་ཚངས་པ་དཀར་པོའི་བཀའ་བཞིན་འབྱུང་བ་བཞིའི་ལྷ་ལ་སྐྱབས་བཅོལ་ནས་སྲིད་པའི་ཁམས་སམ་འགྲོ་བའི་ཁམས་འདི་ཇི་ལྟར་བསྐྲུན་ཚུལ་དང་།ལུང་བསྟན་གྱི་ཚུལ་དུ་མཐར་ཇི་ལྟར་འཇིག་ཚུལ་གྱི་སྐོར་གཙོ་བོ་བཤད་ཡོད་པས། སྒྲུང་ཚན་འདི་ནི་གླིང་སྒྲུང་གི་འགོ་འཛུགས་ས་ཞིག་ཏུ་གྱུར་ཡོད་པས། གླིང་སྒྲུང་གི་སྟོང་ཆ་ཞིག་གསར་དུ་ཁ་སྐོང་བ་མ་ཟད། བོད་ཀྱི་གནའ་རབས་སྲིད་པ་ཆགས་རབས་དང་འབྲེལ་བའི་ལྷ་སྒྲུང་སྐོར་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཧ་ཅང་ཆེ་བའི་དཔྱད་གཞིའི་ཡིག་རིགས་ཤིག་ཡིན་པར་འདོད། དེས་ན་ད་གཟོད་འབྱུང་བཞི་བདེ་བཀོད་ནི་གླིང་སྒྲུང་གི་ཆུ་འགོ་ལྟ་བུ་དང་སྲོལ་རྒྱུན་གྱི་སྒྲུང་ཚན་ཁམས་གསུམ་བདེ་བཀོད་ནི་གླིང་སྒྲུང་གི་མཇུག་བསྡུ་ཡུལ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་སྙན་རྩོམ་གྱི་དུས་མཚམས་མི་འདྲ་བའི་ཤེས་རིག་རྣམས་དང་། འགྲོ་བ་མིའི་རིགས་ཀྱི་ཆགས་གནས་འཇིག་གསུམ་གྱི་སྣང་ཚུལ་རྣམས་ལ་ངོས་འཛིན་གྱི་འདུ་ཤེས་གང་ཡིན་པ་ཆ་ཚང་སྒོ་ནས་ཚུར་སྣང་གང་ཐུབ་བྱས་ཡོད་ཅིང་། སྒྲུང་དཔེ་འདི་ནི་སྔར་སུས་ཀྱང་ངག་ནས་མ་ཐོན་པའི་གླིང་སྒྲུང་གི་སྒྲུང་ཚན་གསར་པ་ཞིག་ཡིན།
སྒྲུང་ཚན་འདིའི་ནང་དུ་འཇིག་རྟེན་ཁམས་འདིའི་རྒྱུ་འབྱུང་བ་བཞི་ཡིན་ཞིང་། འབྱུང་བ་བཞི་པོ་དེ་ལྷ་ཡི་གཟུགས་སུ་བཀོད་ནས་མི་གཤིས་ཅན་དུ་གསར་བཞེངས་བྱས་པ་དེ་ནི་སྒྲུང་པ་རྣམས་ཀྱིས་སྔར་བོད་ཀྱི་གདོད་མའི་ལྷ་སྒྲུང་གི་སྙིང་པོ་རྣམས་ཐབས་ཀྱིས་སྒོ་ནས་གླིང་སྒྲུང་ནང་དུ་ཟུར་བརྒྱན་སྒྲོན་ཡོད་པས། སྒྲུང་དཔེ་ཧྲིལ་པོར་གདོད་མའི་རང་བཞིན་དང་། འཆར་ཡན་གྱི་རང་བཞིན། ཤེས་བྱའི་རང་བཞིན། ཞིབ་འཇུག་གི་རིན་ཐང་། ལྷ་སྒྲུང་གི་ཉམས་མདངས་ལྡན་པ་བཅས་ཀྱི་དགེ་མཚན་ལྡན་ཡོད། སླད་ཟུར་གནས་མཁས་དབང་རྣམས་ཀྱིས་བོན་གྱི་སྲིད་པ་ཆགས་ཚུལ་དང་། དམངས་ཁྲོད་ཀྱི་སྲིད་པ་ཆགས་གླུ་སོགས་ཀྱི་གཏམ་རྒྱུད་སོགས་དང་ཞིབ་བསྡུར་གྱིས་བསམ་གཞིག་གནང་ན་གླིང་སྒྲུང་གི་སྒྲུང་ཚན་གྱི་སྟོང་ཆ་ཁ་སྐོང་བའི་དགོས་པ་ཙམ་མ་ཡིན་པར། སྔར་བོད་མིས་འཇིག་རྟེན་ཁམས་ཀྱི་ལྟ་ཚུལ་དང་། གདོད་མའི་ཆོས་ལུགས་དང་། ལྷ་སྒྲུང་བཅས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད་སེམས་བཞིན་ཡོད། 
དཀར་ཆག
 ལེའུ་དང་པོ། མགོན་པོ་འོད་དཔག་མེད་མཆོག་གིས། །
      སྲིད་ཁམས་བསྐྲུན་པའི་སྐུལ་མ་གནང་། །
      ལྷ་ཆེན་ཚངས་པ་དཀར་པོ་ཡིས། །
      ལུང་བསྟན་ཇི་བཞིན་དང་ལེན་ཞུས། །......(1) 
ལེའུ་གཉིས་པ། ལྷ་ཆེན་ཚངས་པས་འགྲོ་བའི་ཁམས། །
     བསྐྲུན་ཕྱིར་ལྷ་ཚོགས་རམ་མདར་བསྐུལ། །
     སྟོང་ཁམས་ལྷ་རིས་འཁོར་བཅས་ཀྱིས། །
      ལུང་བསྟན་དཔུང་ཡར་ཁས་ལེན་ཞུས། ། ......(17) 
ལེའུ་གསུམ་པ། གཤེན་ལྷས་ཨ་ནེ་སྲིད་ཁམས་མངགས། །
       སྲིད་ལྷས་འབྱུང་བཞིར་བསྟེན་དགོས་གསུངས། །
      ནེ་ནེས་ལྷ་ཆེན་ཚངས་པ་དཀར། །
       དཔུང་ཡར་ནན་གྱིས་གདན་འདྲེན་ཞུས། །...... (70)
ལེའུ་བཞི་པ། ལྷ་ཆེན་ཚངས་པ་དཀར་པོ་ཡིས། །
    རླུང་ལྷ་གདན་འདྲེན་ཞུས་ན་ཡང་། །
    འགྲོ་ཁམས་མ་གྲུབ་མེ་ཡི་ལྷར། །
    སྐྱབས་རེ་བཅོལ་བའི་གྲོས་ཁ་འཆམས། །...... (81)
ལེའུ་ལྔ་པ། ཚངས་ཆེན་ལྷ་ཚོགས་བཅས་པ་ཡིས། །
     མེ་ལྷ་རྒྱལ་པོ་གདན་འདྲེན་ཞུས། །
     འབྱུང་བ་རླུང་མེ་འཛོམས་ན་ཡང་། །
     བསམ་དོན་མ་གྲུབ་རེ་ཞིག་ལུས། །...... (108)
ལེའུ་དྲུག་པ། སྲིད་ལྷ་འོད་དཀར་བློ་ཇུས་བཞིན། །
     ཆུ་ལྷ་རྒྱལ་པོར་སྐྱབས་བཅོལ་ཞུས། །
     རླུང་མེ་ཆུ་ཡི་རྒྱལ་པོ་ཡིས། །
     མ་གྲུབ་ས་ལྷར་སྐྱབས་བཅོལ་འཆམས། །...... (128)
ལེའུ་བདུན་པ། ཨ་ནེ་གནམ་གྱི་རྒྱལ་པོ་སོགས། །
     ས་ལྷ་གདན་འདྲེན་ཞུ་བར་ཕེབས། །
     ས་ལྷ་རྒྱལ་པོས་སྲིད་ལྷ་དགུ། །
     ཁྱུང་ཆེན་བྱ་དང་མཉམ་དུ་མངགས། །...... (  159)
ལེའུ་བརྒྱད་པ། ལོ་དགུ་བསྙལ་བའི་གསེར་སྒོང་ལས། །
       རི་རབ་གླིང་བཞི་བཅས་པ་ཆགས། །
       ཨ་ནེས་སྲིད་པའི་ལྷ་དགུ་པོ། །
       སྲིད་པའི་ལྷ་ཡི་དང་པོར་བསྐོས། །...... (181)
ལེའུ་དགུ་པ། སྲིད་ལྷ་མགོ་དཀར་བཅས་པ་ཡིས། །
       བཅུད་ཀྱི་སེམས་ཅན་བསྐྲུན་པར་བསྐུལ། །
       ལྷ་ཆེན་ཚངས་པའི་བཀའ་ལུང་བཞིན། །
       ཀླུ་ཡིས་ནོར་ཟོག་གཡང་གཏེར་དྲངས། །...... (204)
ལེའུ་བཅུ་པ། ཨ་ནེ་གནམ་གྱི་རྒྱལ་མོ་ཁོང་། །
       འགྲོ་བའི་ཁམས་ཀྱི་སྲུང་མར་བསྐོས། །
       ལྷ་ཆེན་ཚངས་པས་ཨ་ནེ་ལ། །
       ལུང་བསྟན་བཀྲ་ཤིས་བསྔོ་སྨོན་ཕུལ། །...... (236 ) 
སྒྲུང་མཁན་སྲི་ཐར་རྡོ་རྗེ།
སྲི་ཐར་རྡོ་རྗེ། ༡༩༨༩ལོར་ཆབ་མདོ་དཔའ་འབར་རྫོང་ས་སྟེང་ཤང་གི་ས་མ་འབྲོག་ཁྱིམ་ཚང་ཞིག་ཏུ་འཚར་སྐྱེས་བྱུང་། ལོ་དགུའི་ཐོག་གེ་སར་སྒྲུང་དང་འབྲེལ་བའི་ངོ་མཚར་རྨི་ལམ་ལས་གྲགས་ཅན་བབས་སྒྲུང་པ་ཞིག་ཏུ་གྱུར་ཏེ་གླིང་སྒྲུང་འཆད་གྱེར་གྱི་འགོ་བརྩམས། ༢༠༠༧ལོར་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྒྱུད་འཛིན་པར་བདམས་བཀོད་བྱས། ༢༠༡༤ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་ཆེད་ལས་ནས་སློབ་གྲྭ་ཐོན་ཏེ་མུ་མཐུད་ཞིབ་འཇུག་སློབ་མའི་སློབ་གནས་ལ་བརྩོན་པའི་གོ་སྐབས་ཐོབ་ཅིང་། ༢༠༡༧ལོར་རབ་འབྱམས་པའི་སློབ་གནས་བདེ་བླག་ངང་བླངས་པས་རང་རྒྱལ་གྱི་ཞིབ་འཇུག་སློབ་གནས་ཐོབ་པའི་སྒྲུང་མཁན་དང་པོར་གྱུར། 
༢༠༡༤ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་གྱི་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ཁང་དུ་ལས་བགོས་བྱུང་སྟེ་མུ་མཐུད་གླིང་སྒྲུང་འཆད་གྱེར་དང་འབྲེལ་ཞིབ་འཇུག་གི་བྱ་བར་རོལ། རིག་གཞུང་དཔྱད་རྩོམ་ཡང་རེ་འགའ་སྤེལ། ད་བར་ནུབ་ཏི་སི་རྒྱལ་པོ་དང་། སྲིད་པ་མཐའ་རྫོང་། བོན་དཀར་ནག་ཁྲ་གསུམ། སྟག་གླིང་གཡུལ་འགྱེད། ལྷ་གླིང་། གྲུ་གུ་གོ་རྫོང་། བེར་གླིང་གཡུལ་འགྱེད། ཤིང་བྱ་གོ་བོ་གཤོག་རྫོང་། ཟི་མ་རྟ་རྫོང་། འབྱུང་བཞི་བདེ་བཀོད། བོན་ཆོས་རྫོང་། འཁྲུངས་གླིང་སོགས་ཁྱོན་བསྡོམས་སྒྲུང་པོད་བཅུ་ཕྲག་ལྷག་ཙམ་འཆད་གྱེར་བྱས་པས། རང་སྐྱོང་ལྗོངས་དབུ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲགས་ཅན་མི་སྣས་ཐུགས་ཁུར་དང་འབྲེལ་མཇལ་འཕྲད་ཀྱང་ཐེངས་མང་གནང་ཡོད། ལྷག་པར་དུ་གླིང་སྒྲུང་གི་བྱ་གཞག་ཐད་དམིགས་བསལ་ལེགས་སྐྱེས་ཕུལ་པས་སྔ་རྟིང་དུ་ཀྲུང་གོའི་དམངས་སྲོལ་ལྷན་ཚོགས་ཀྱི་ཚོགས་མི་དང་། བོད་རང་སྐྱོང་ལྗོངས་དམངས་སྲོལ་ལྷན་ཚོགས་ཀྱི་ལས་འཛིན། ལྗོངས་གཞས་མ་གཏམ་ལྷན་ཚོགས་ཀྱི་ལས་འཛིན་སོགས་ལ་བདམས་ཐོན་བྱུང་ཡོད། 
འབྲེལ་ཡོད་འོས་སྦྱོར།