logo

༄༅།།སྐུ་ཞབས་རུ་དམ་སྐལ་བཀྲ་ལགས་ཀྱི་གཞས་ཚིག་བརྩམས་ཆོས《གླུ་སྐད་ཁྲོད་ཀྱི་འཛམ་གླིང་ཡང་རྩེ》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-06-04 ཀློག་གྲངས།:
གླུ་གཞས་སྙན་རྩོམ་ནི་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་ཕབ་རྟ་ལས་འཁྲུངས་ཤིང་། འཚོ་བའི་ཀློང་རིམ་དུ་འཁྲིད་པའི་གོ་སླ་བའི་སྒྱུ་འཕྲུལ་རིགས་ཤིག་སྟེ། སྙན་པའི་ངག་དང་འཇེབས་པའི་དབྱངས་ལ་བསྡེབས་ནས་རི་ལུང་ཐང་གསུམ་ན་ལྷོད་བག་གིས་རྒྱུ་ཚེ། མི་ཚེ་ལ་དཔྱིད་ཀྱི་དཔལ་བསུ་ཞིང་འཚོ་བ་ལ་གཟི་མདངས་སྣོན་ངེས། དེའི་ཕྱིར་མི་རིགས་ཤིག་གི་ཚེ་དང་སྲོག་ལ་འགྲོགས་པའི་གླུ་གཞས་དག་ནི་མི་རིགས་དེའི་དུས་གསུམ་དང་འབྲེལ་ནས་ཡོད་པ་སྨོས་མེད་རེད།
ཉེ་ཆར། བོད་ཀྱི་གཞས་ཚིག་རྩོམ་མཁན་སྐུ་ཞབས་རུ་དམ་སྐལ་བཀྲ་ལགས་ཀྱི་གཞས་ཚིག་བརྩམས་ཆོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཆེད་དེབ《གླུ་སྐད་ཁྲོད་ཀྱི་འཛམ་གླིང་ཡང་རྩེ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། དེབ་འདིར་བོད་ཡུལ་གྱི་གླུ་བ་གླུ་མ་སུམ་བཅུ་ལྷག་གིས་བླངས་པའི་གཞས་ཚིག་ལྔ་བཅུ་ལྷག་ལ་དེང་གི་དབྱངས་ཡིག་དང་འགྲོག་ནས་བཀོད་ཡོད་པས། གཞས་ཚིག་རེ་རེ་ལ་ནི་སྲོག་དང་སྒྱུ་རྩལ་གྱི་ཉམས་འགྱུར་དུ་མས་ཕྱུག་ཡོད་དོ།།
སྨན་བླ་སྐྱབས།
བོད་ཀྱི་གཞས་ཚིག་རྩོམ་མཁན་སྐུ་ཞབས་རུ་དམ་སྐལ་བཀྲ་ལགས་ཀྱིས། རང་ཉིད་ཀྱི་གཞས་ཚིག་བརྩམས་ཆོས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་དེང་གི་དབྱངས་ཡིག་ཀྱང་བཀོད་པའི་དེབ་ཆུང《གླུ་སྐད་ཁྲོད་ཀྱི་འཛམ་གླིང་ཡང་རྩེ》ཞེས་པ་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་གནང་འཆར་ཡོད་པ་དང་། དེའི་ཀླད་དུ་སྐད་ཆ་མདོར་བསྡུས་ཤིག་འབྲི་སྐུལ་ཡང་ཡང་གནང་བྱུང་།
སྤྱིར་ན་གུས་པ་ནི་སྙན་དེབ་སོགས་དཔར་དེབ་གང་རུང་ལ་མགོ་བརྗོད་དམ་སྔོན་འགྲོའི་གཏམ་སྨྲ་བའི་ཡོན་ཚད་དང་བློ་སྤོབས་ཤིན་ཏུ་དམའ་བར་སོང་སྟབས་དེ་འདྲའི་ཁྲལ་ལས་ལ་ཐུག་ཚེ་མཐའ་གཅིག་ཏུ་ཁས་ལེན་མྱོང་མེད་ན་ཡང་། རུ་དམ་སྐལ་བཀྲ་ལགས་ནི་བདག་གི་བློས་ཐུབ་ཀྱི་གྲོགས་པོ་དང་། ང་རང་གཉིས་ཀ་གཞས་ཚིག་བརྩམས་ཆོས་རྩོམ་འབྲིའི་ལས་རིགས་གཅིག་པ་ཡིན་པ་དང་། བོད་གཞས་གསར་གཏོང་གི་བྱ་གཞག་འདི་བཞིན་གོལ་ལམ་དུ་མ་འཕྱན་པར་བདེ་ཐང་ངང་འཚར་ལོངས་སྟོབས་འཕེལ་འབྱུང་བར་གླུ་གཞས་གསར་རྩོམ་པའི་སྡེའི་ནང་ཁུལ་དུ་ཕན་ཚུན་གཡས་གཞོགས་གཡོན་འདེགས་དགོས་པར་ངེས་ཤེས་ཟབ་རྙེད་ལ་བརྟེན། ད་རེས་ཅིས་ཀྱང་ངོ་བཟློག་ནུས་མ་སོང་། ཡིན་ན་ཡང་། གུས་པ་ཡང་འུ་ཐུག་ཐབས་ཟད་ཀྱི་ངང་ལ་བོད་ཀྱི་གླུ་གཞས་གསར་རྩོམ་པའི་སྡེ་རུ་བཙུད་ཅིང་ཚུད་ཙམ་བྱུང་སྟེ་ལས་འདིའི་རྒྱུན་སྐྱོང་གིན་པའི་ཁུལ་ཡིན་ན། ཁོང་གི་གཞས་ཚིག་དེ་དག་གི་སྒྱུ་རྩལ་གྱི་རྣམ་པ་དང་ནང་དོན་ཐད་གསེད་བཀྲོལ་གསར་བཤད་ཅི་ཡང་ཞུ་རྒྱུ་མེད་ལ། གཙོ་བོ་ཕ་སྐད་གཙང་མའི་གླུ་གཞས་ཀྱི་འཇིག་རྟེན་ཆུང་ཆུང་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་དུ་བཏང་སྟེ། ངོས་གཞན་ཞིག་དང་ཟུར་གཞན་ཞིག་ནས་བོད་པའི་ཚེ་དང་སྲོག་གི་སྙིང་པོར་གྱུར་པའི་ཕ་སྐད་གཙང་མ་ལ་གསོན་ཤུགས་སྣོན་མཁན་མི་སྒེར་དང་ལས་ཁུངས་ཡོད་པར་རྗེས་སུ་ཡི་རང་དང་བཀའ་དྲིན་བསམ་ཤེས་མཚོན་བྱེད་ཙམ་ཞུ་འདོད་བྱུང་།
བརྗེད་དུ་མེད་པ་ཞིག་ལ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་དབུས་གཙང་གི་གཞས་མ་གྲགས་ཅན་འགའ་རེའི་སྐད་ངག་དང་འགྲོགས་ནས་དབུས་འགྱུར་ལྷ་སའི་དབྱངས་མཁན་དང་ཚིག་མཁན་སྐོར་ཞིག་ཀྱང་ཀུན་ལ་རྒྱུས་ཡོད་དུ་གྱུར། ཉེ་སྔོན་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ན་རླུང་ལྟར་གྲགས་པའི་ནོར་སྒྲོན་ལགས་ཀྱི་གཞས་《ཟླ་འོད་འོག་གི་ཆུང་འདྲིས》ཞེས་པའི་གཞས་ཚིག་རྩོམ་མཁན་རྒན་དབང་འདུས་ལགས་ཀྱང་དེའི་ནང་གི་གཅིག་རེད་འདུག །སྐབས་དེར་བོད་ཀྱི་གཞས་གསར་དེ་དག་ནི་མཉན་བྱ་མྱང་བྱ་ཞིག་ཏུ་ངོས་འཛིན་པ་ལས། གསར་རྩོམ་པའི་སྡེ་དེ་ནི་དད་སའམ་དང་རྟེན་ཙམ་ལའང་འཛིན་ཐུབ་ཀྱི་མེད་པ་འདྲ།དེ་ནས་བརྩིས་པའི་ལོ་ཤས་ཀྱི་རྗེས་སུ། མདོ་སྟོད་སྨད་གཉིས་སུའང་གཞས་པ་སྐད་གྲགས་ཅན་རེ་གཉིས་བྱུང་ཞིང་ཁོང་རྣམ་པའི་ཤུགས་རྐྱེན་ལ་བརྟེན་ནས་གསར་སྐྱེས་གཞས་པ་གཞས་མའི་ཚོགས་ནི་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་འཚར་ལོངས་བྱུང་བ་དང་། ཁོ་ཚོ་ཚང་མས་ནང་ལོགས་ཀྱི་ཁྲོམ་ར་ཆེན་པོར་ཁ་གཏད་དེ“བོད་གཞས”སུ་འབོད་པའི་གཞས་དང་དེས་གྲུབ་པའི་ཆེད་སྒྲིག་སྒྲ་ཐག་དང་འོད་འཁོར་འབོར་ཆེན་ཞིག་བཏོན་མྱོང་བ་ནི་མཛོ་བདག་ལ་མཛོ་རྒྱུས་ལས་མ་འདས་སོ། །
དེ་ལྟར“བོད་གཞས”ཟེར་བ་དེ་ནི་གལ་སྲིད་བོད་སྐད་ཀྱིས་བཏང་ན“བོད་གཞས”མིན་པ་འདྲ་བའི་དར་སྲོལ་ཞིག་ཀྱང་མངོན་མྱོང་ཡོད། སྟོང་ལོ་གཉིས་པར་ངོ་ཐུག་ཚེ། བོད་ནང་དུ་རིག་གནས་དགག་གཞག་གམ་བསྐྱར་གཞིག་གི་ཚ་རླབས་ཤིག་འཕྱུར་བའི་སྣང་ཚུལ་ཁྲོད་བོད་གཞས་དང“བོད་གཞས”ལའང་མནོ་བསམ་གནད་སྨིན་མི་གཏོང་ཀ་མེད་བྱུང་ཞིང་། བོད་གཞས་གསར་རྩོམ་པའི་སྡེ་རུའང་བོད་གཞས་ཀྱི་མ་འོངས་ལམ་ཁ་དང་འབྲེལ་བའི་ལྟ་བ་འཛིན་སྟངས་སྣ་ཚོགས་པའི་རྩོད་པ་འཁྲུག་ཆ་དོད་པར་གྱུར་པ་སྟེ། ཁ་ཅིག་གིས་བོད་གཞས་ནི་སྐབས་དེར་རྒྱུག་ཆེ་བའི“བོད་གཞས”དེ་ག་རང་ལྟ་བུ་ཡིན་འོས་པ་དང་། དེས་ཟིན་པའི་ཁྲོམ་ར་དང་ཁྱབ་རྒྱ། དེས་བསྐྱེད་པའི་རིག་གནས་དྲིལ་སྒྲོག་གི་ཕན་འབྲས་ནི་འགྲན་པའི་ཟླ་དང་བྲལ་པ་ཞིག་ཡིན་པར་འདོད། ཡང་ཁ་ཅིག་གིས་བོད་གཞས་ཡིན་ཕྱིན་བོད་སྐད་ཡིན་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཏེ། གཞས་པ་གཞས་མའི་ཕ་མ་སྤུན་མཆེད་ཀྱིས་གོ་མི་ནུས་པའི“བོད་གཞས”ཤིག་གིས་བོད་ཀྱི་རིག་གནས་ཀྱི་ཁུར་ཆེན་འདེགས་ཐུབ་མིན་ལ་དོགས་སློང་བྱ་དགོས་པ་དང་། བོད་གཞས་དེ་ཉིད་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཕྱིན་དེས་རང་སྐྱ་ཐུབ་པ་དང་རང་སར་སྲི་ཞུ་བསྒྲུབ་པ་ལས་རྙེད་གྲགས་སྒྲུབ་བྱེད་ཅིག་དང་སྤྲེལ་ལད་འཁྲབ་བྱེད་ཅིག་ཏུ་ལྟ་མི་རུང་བར་འདོད། གུས་པ་ནི་ལྟ་ཚུལ་ཕྱི་མ་འཛིན་མཁན་གྱི་གྲས་སུ་ཡོད་ཅིང་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་གླུ་ཚིག་འབྲི་མཁན་ཞིག་ནས་བོད་ཀྱི་དེང་རབས་དར་སོའི་གླུ་གཞས་སམ་བོད་གཞས་ཀྱི་གཞས་ཚིག་རྩོམ་མཁན་ཞིག་ཏུ་འགྱུར་དགོས་དོན་ཡང་གནད་ཀ་དེ་ལ་ཐུག་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། བློས་ཐུབ་ལས་གྲོགས་མང་པོའི་བློ་གྲོས་དང་མཚོ་སྔོན་རླུང་འཕྲིན་དང་བརྙན་འཕྲིན་སོགས་གསར་ལམ་ཁག་གི་གཞོགས་འདེགས་ལ་བརྟེན་ནས་ལོ་ངོ་མང་པོ་མ་དགོས་པར“བོད་གཞས”ཀྱི་ཡོ་བ་བསྲུངས་ཏེ་གཞས་མཁན་ཕལ་ཆེ་བ་བོད་གཞས་བོད་སྐད་ཀྱིས་གཏོང་བའི་ལམ་དུ་ལོག་ཕེབས་ཐུབ་སོང་། བྱ་གཞག་འདིའི་ཆེད་དུ་དཀའ་ལས་ག་འདྲ་བརྒྱབ་མིན་ནི་གསར་རྩོམ་པའི་སྡེ་དང་བཅས་རང་རྟོགས་ཅན་གྱི་གཞས་མཁན་མི་རེ་ངོ་རེར་སྒྲུང་རེ་འཆད་རྒྱུ་ཡོད་སྲིད་མོད། དཔེར་མཚོན་པའི་མི་གཅིག་དགོས་ཚེ་སྐུ་ཞབས་རུ་དམ་སྐལ་བཀྲ་ལགས་ལྟ་བུ་འདྲེན་ཆོག་ཆོག་སྟེ། ཁོང་གིས་འབད་བརྩོན་ལྷོད་མེད་ཀྱིས་ཕ་སྐད་ཀྱི་གཞས་ཚིག་ལྗགས་རྩོམ་གནང་བར་མ་ཟད། རོལ་མོ་སྒྲིག་བཟོ་སོགས་བྱེ་བྲག་གི་འགྲོ་སྒོ་ཡོད་ཚད་སོ་སོ་སྒེར་ངོས་ནས་གཏོང་གནང་མཛད་ཅིང་། མདོ་ཁམས་ཡུལ་གྱི་གཞས་མཁན་མང་ཆེ་བས་བཏང་ཡོད་པའི་བོད་གཞས་ཆེད་སྒྲིག་གི་འོད་འཁོར་ཞིག་ཀྱང་དཔར་སྐྲུན་འགྲེམ་སྤེལ་གནངས་ཚར་པ་རེད། ད་རེས་དགྲམ་བྱའི་གཞས་ཚིག་དེབ་ཆུང་འདི་ཉིད་ལས་ཀྱང་ཁོང་གིས་བསྐྱོན་པའི་སྐུ་ཚེགས་དང་དབྱངས་མཁན་དང་གཞས་མཁན་གྱི་དཔུང་སྡེབ་ཆེན་པོ་དེ་མཐོང་ཐུབ་ཚོད་ཡིན། ང་རང་གི་ངོས་ནས་ཁོང་ལྟ་བུ་བོད་ཀྱི་ཕ་སྐད་གླུ་གཞས་རོལ་མོའི་རིག་གནས་ལ་དགའ་ཞེན་ཚད་མེད་གནང་མཁན་དང་། དེ་ལ་རྒྱུ་འབྱོར་གྱི་ཟད་སྒོ་ཕངས་མེད་གཏོང་གནང་མཁན་ཡོད་པར་ཁ་ཞེ་གཉིས་མེད་ཀྱིས་དགའ་མགུ་ཡི་རང་ཞུ་གི་ཡོད་ལ། དེ་བཞིན་དཔེ་སྐྲུན་ཁང་དང་རྩོམ་སྒྲིག་འགན་འཁུར་པས་ལས་དོན་འདིར་གཙིགས་མཐོང་ཆེན་པོ་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། ད་ལྟ་རང་རེའི་ཡིག་ངོ་ཆོད་ཚད་ཀྱིས་ཆེན་པོ་ཆེན་པོ་དང་གསང་བ་ལྐོག་གྱུར་གླེང་ཞིང་སྙེག་པ་ལས་གླུ་གར་རོལ་མོའི་རིག་གནས་ནི་ཆུང་ཐ་ཞིག་ཏུ་བསམ་འདུག་སྟེ། དེ་ནི་རོལ་རྩེད་ཙམ་ཞིག་ཏུ་ངོས་འཛིན་པའི་རིས་ཆད་ཀྱི་གོ་བ་ཞིག་ཡོངས་ཁྱབ་ཏུ་གྲུབ་ཡོད་པར་འདུག་ན། རྩིང་རགས་ཀྱི་ལྟ་བ་དེ་འདྲ་ནི་མ་གཞི་ནས་ཉེན་ཁ་ཞིག་ཡིན་ངེས་རེད་དྲན།
འཛམ་གླིང་གི་ཡུལ་གྲུ་ཀུན་དང་འདྲ་བར་མདོ་དབུས་མཐོ་སྒང་གི་འཇིག་རྟེན་འདིར་ཡང་། ལོ་ངོ་སྟོང་ཕྲག་མང་པོའི་དཔལ་ཡོན་གྱི་འཕེལ་རིམ་དང་འགྲོགས་ནས། བོད་རང་གི་ཐུན་མོང་མ་ཡིན་པའི་རོལ་དབྱངས་དང་རོལ་ཆས། གཞུང་ལུགས་དང་བསྟན་བཅོས། ཤེས་བྱ་དང་ལག་ལེན་བཅས་ཕྱོགས་ཀུན་ནས་མ་ལག་ཚང་བའི་རིག་གནས་ཀྱི་སྡེ་ཚན་ཞིག་གྲུབ་ཡོད་དེ། ཕོ་བྲང་གི་གར་གླུ་དང་། ནང་མ་སྟོད་གཞས་ལ་སོགས་པ་གངས་རིའི་ར་བས་བསྐོར་པའི་རི་མཐོ་ས་གཙང་གི་ཡུལ་གྲུ་འདིའི་དམིགས་བསལ་ཁྱད་ཆོས་ཀྱིས་ཕྱུག་པ་རབ་ཏུ་མང་ན་ཡང་། རང་རེའི་མི་རིགས་འདི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་དང་། རིག་གནས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ལ་འཕྲད་པའི་སྐབས་འདི་འདྲ་ཞིག་ཏུ། དེ་འདྲའི་གནས་བབས་ཀྱི་འོག་ཏུ་རུ་དམ་སྐལ་བཀྲ་ལགས་སོགས་ཀྱིས་ཕ་སྐད་མ་ཡིག་གི་སྒང་ནས་མི་རིགས་འདིའི་མཛེས་དཔྱོད་རིན་ཐང་སོགས་གླུ་རུ་བླངས་ཡོད་པ་རེད།
ད་དུང་ཡང་རང་རང་གི་ཁེ་ཕན་ཉི་ཚེ་བའི་ཆེད་དམ་རང་ཚུགས་དོར་བའི་རུང་བསྟུན་ཁོ་ནའི་ཕྱིར་དུ་བོད་ཀྱི་གླུ་གཞས་གསར་རྩོམ་པའི་སྡེའི་ནང་ཁུལ་དུ་མ་སྨིན་པའི་རང་ལྟ་མཁྲེགས་འཛིན་བྱེད་མཁན་དང་། གཞས་པ་གཞས་མའི་ནང་དུ་ནི་དེ་བས་ཀྱང་འུར་ཟིང་རྡབ་ཞོགས་ཁོ་ན་སྙེག་མཁན་སྐོར་ཞིག་ཡོང་གི་ཡོད་ལ། ཁོ་པ་ཚོས་ནམ་རྒྱུན“རོལ་མོ་ལ་རྒྱལ་མཚམས་མེད”པ་ཁ་ལ་འཁྱེར་བཞིན་ཕྱི་ལོགས་ནས་ཡོང་བའི་བོད་ཀྱི་རོལ་མོའི་རིག་གནས་ཀྱི“གཏེར་སྔོག་པ”དེ་ཚོ་ཆེད་མཁས་སུ་བཀུར་བ་དང་། དེ་དག་ལ་ངོ་དགའི་རྣམ་འགྱུར་སྟོན་ཕྱིར“རོལ་མོ་ནི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་མཉན་བྱ་ཡིན”པར་སྨྲ་མཁན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་འདི་དག་གི་རིང་ལ། ཁེ་འདོད་ཁོ་ནའི་ཆེད་དུ་བསྒྲུབས་པའི་འགྲན་བསྡུར་འདྲ་མིན་སྣ་ཚོགས་སུ་ཞུགས་ཏེ་མེས་པོས་བཞག་པའི་ངག་རྟ་དམ་དུམ་རེ་དང་ཕ་མས་བྱིན་པའི་སྐད་ངག་འདར་འདུར་རེ་ངོམ་སོ་བྱས་པའི་དྲིན་ལ་གཟེངས་རྟགས་གང་རུང་ཞིག་ཐོབ་པར་གྱུར་ཚེ། གར་སྟེགས་ཆེ་ས་དང་མི་འབོར་མང་སར་སྐད་གྲགས་བཞག་སོང་བའི་མཐོང་སྣང་དང་བོད་ཀྱི་གླུ་གཞས་རོལ་མོར་གཟི་མདངས་བསྣན་སོང་བའི་འཁྲུལ་ཤེས་ནི་གཞས་མཁན་ཙམ་དུ་མ་ཟད་ལྟ་མཁན་ཕལ་མོ་ཆེར་ཡོད་པ་དང་། སྣང་ཚུལ་དེ་དག་གིས་བོད་པའི་ཕ་སྐད་གླུ་གཞས་ལ་གནོན་ཤུགས་རབ་དང་རིམ་པ་སྤྲོད་ཀྱིན་ཡོད་ན་ཡང་། མི་རིགས་བྱེ་བྲག་པ་དང་། རིག་གནས་བྱེ་བྲག་པ་མཚོན་ཞིང་ཐུན་མིན་རང་མཚན་གྱི་ཁྱད་ཆོས་ལྷུན་གྲུབ་ཏུ་མངའ་བའི་དོན་དམ་ཀྱི་བོད་གཞས་ནི། མི་རིགས་འདི་ག་དང་རིག་གནས་འདི་གའི་ཕ་ས་དྲོན་མོར་བརྟན་ལྷིང་ངེར་བཞུགས་སུ་གསོལ་བ་གང་དེ་ཡིན་ངེས་སྙམ།
ངས་རྒྱུན་པར་སྐད་ཆ་འགའ་ཡང་སྐོར་བསྐྱར་སྐོར་གྱིས་ཟློ་བཞིན་ཡོད་དེ། “རོལ་མོ་ལ་རྒྱལ་མཚམས་མེད”པ་བདེན་དུ་ཆུག་ཀྱང་། “རོལ་མོ་ལ་ཕ་ས་ཕ་ཡུལ་ཡོད”པ་སུ་ཡིས་བསྙོན། ལྷན་ཅིག་སྐྱེས་པའི་རོལ་མོའམ་མགྲིན་སྐྱེས་རོལ་མོ་ནི་སྐད་ཡིག་དང་འབྲེལ་བ་ཆེན་པོ་ཡོད་པར་མ་ཟད། ཡུལ་ལུང་བྱེ་བྲག་པའི་སྐད་ཀྱི་སྒྲ་གདངས་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ན། དུས་རླུང་དང་བསྡོངས་ཏེ་ཡལ་བར་འགྱུར་བའི་དེང་རབས་དར་སོའི་གླུ་གཞས་ནི་རང་རང་གི་ཚེ་འདིའི་ཕ་མ་རྣམ་གཉིས་ཀྱིས་གོ་མ་བཏུབ་པར“མར་གྱུར་སེམས་ཅན་ཐམས་ཅད་ཀྱི་མཉན་བྱ་ཡིན”ན་དགོད་བྲོའི་གཏམ་དུ་མི་འགྱུར་གྲང་།
རུ་དམ་སྐལ་བཀྲ་ལགས་ནི་རྟེན་རབ་བྱུང་ཡིན་པའི་ངོས་ནས་མཛའ་གཞས་ཀྱི་ཚིག་དང་རྩོམ་ལུས་མཐོང་རྒྱུ་མེད་པ་ལས་གཞན་ང་ཚོ་གཞས་ཚིག་རྩོམ་མཁན་ཐུན་མོང་གི་ཁྱད་ཆོས་ཇི་བཞིན་རང་གི་རིག་གནས་དང་སྣོད་བཅུད་ལ་བཅངས་པའི་བརྩེ་སེམས་ནི་ཟོལ་མེད་པ་ཞིག་དང་། རང་གི་སྐད་དང་ཡི་གེའི་སྲོག་རྒྱུན་གླུ་ཡིས་གསོ་བའི་མཛད་འཕྲིན་ནི་བླ་ན་མཐོ་བ་ཞིག་རེད་དོ། །
དབུས་སུ་ཚིག་མཁན་རྒན་རབས་རྣམ་པ་འཚོ་བཞུགས་གནང་ཡོད་ལ་དབྱངས་མཁན་གཞོན་རབས་མང་པོ་འཚར་ལོངས་ཡོང་གི་འདུག །མདོ་ཁམས་གཉིས་སུའང་ཁོང་དང་འདྲ་བའི་བོད་ཀྱི་གླུ་གཞས་རོལ་མོའི་རིག་གནས་ལ་བློ་སེམས་དཀར་ལ་ཕྱག་ལས་གནང་མཁན་དཔུང་སྡེ་ཆེན་པོ་ཞིག་ཡོད་པར་བསམས་ཚེ། ང་ཚོའི་མ་འོངས་མདུན་ལྗོངས་ནི་ཧ་ཅང་ཉམས་དགའ་བ་ཞིག་ག་ལ་མིན་ཏེ་ཡིན་ནོ། །
མཇུག་མཐར། ས་པཎ་གྱི《རོལ་མོའི་བསྟན་བཅོས》ལས་ཤོ་ལོ་ཀ་གཅིག་ཁོལ་དུ་ཕྱུང་སྟེ་རུ་དམ་སྐལ་བཀྲ་ལགས་ལ་སྙིང་ཕུར་ཙམ་ཞིག་གདབ་དགོས་བསམ་བྱུང་།
 འགའ་ཞིག་འགའ་ལ་མི་མཛེས་ཤིང་། །
 ལ་ལ་གཞན་ལ་མཛེས་མ་ཡིན། །
 མཁས་རྨོངས་སྐྱེས་པ་བུད་མེད་སོགས། །
 ཀུན་ལ་མཛེས་པ་རོལ་མོ་ཡིན། །
༢༠༡༩ལོའི་ཟླ་༧ ཚེས་༡༤ཉིན་ཕ་ཡུལ་དུ།
འབྲེལ་ཡོད་འོས་སྦྱོར།