logo

《སི་ཏུའི་ཞལ་ལུང་ཁྲིད་པའི་འཆད་ཐོ་དཔྱིད་ཀྱི་མྱུ་གུ》ཞེས་པ་པར་དུ་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཇིག་རྟེན་མིག་ལོ་ཙཱའི་འཕྲིན་སྟེགས། དུས་ཚོད།:2020-06-22 ཀློག་གྲངས།:
《སི་ཏུའི་ཞལ་ལུང་ཁྲིད་པའི་འཆད་ཐོ་དཔྱིད་ཀྱི་མྱུ་གུ》ཞེས་པའི་དེབ་འདི་ནི་བོད་ཀྱི་ཤེས་ལྡན་པ་དང་དགེ་སློབ་མང་བོ་ཞིག་གི་ཐུགས་འདུན་དང་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་བོད་ཀྱི་ཡིག་རྙིང་ཚོགས་པས་རྩ་འཛུགས་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་རོགས་སྒྲུབ་བྱས་ཏེ། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་སློབ་དཔོན་ཆེན་མོ་བདེ་མཆོག་ལགས་ཕྱིར་ཁོང་གི་ཕྱག་ལས་གནང་སའི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་གདན་དྲངས་པ་དང་། ཁོང་གིས་ཀྱང་རང་གི་ན་ཚོད་སྨིན་པའི་དཀའ་ལས་དང་གཟུགས་གཞི་མི་བདེ་བ་སོགས་ཀྱི་སྐུ་ངལ་ལ་མ་འཛེམས་པར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཉིན་བཅུ་ཕྲག་རིང་ལ《ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང》འཆད་ཁྲིད་གནང་བ་དང་། དེའི་མགོ་མཇུག་བར་གསུམ་ཆ་ཚང་སྒྲ་རུ་བླངས་པ་ཡིན། བོད་ཀྱི་ཤེས་རིག་ལ་བློ་སེམས་དཀར་པོའི་གྲོགས་པོ་མང་པོ་ཞིག་གིས་འཆད་ཁྲིད་ཀྱི་སྒྲ་ཆ་ཚང་ཡི་གེར་ཕབ་པར་དགོས་པ་ཆེ་ཞིང་རྗེས་རབས་དཔྱོད་ལྡན་དག་ལ་ཕན་ཐོགས་པར་འགྱུར་ཞེས་ཡང་ཡང་བསྐུལ་པས། ཁོང་ཚང་ལ་བཀའ་འདྲི་ཞུས་ཏེ་དགོངས་འཁྲོལ་གནང་རྗེས་རང་ལ་ནུས་པ་ཆུང་ཡང་བདེན་པའི་སྟོབས་ཀྱི་དཔའ་བསྐྱེད་ནས་འཆད་ཁྲིད་ཀྱི་སྒྲ་ཆ་ཚང་ཇི་བཞིན་དུ་ཡི་གེར་ཕབ་ཅིང་། པར་སྐྲུན་བྱེད་སྐབས་པར་སྐྲུན་གྱི་དགོས་དབང་གིས་འཕྲི་སྣོན་བྱེད་དགོས་བྱུང་བར་ཁོང་ཚང་གིས་དངོས་སུ་མཛུབ་སྟོན་དང་དགོངས་འཆར་ལྟར་འཕྲི་སྣོན་ལེགས་བསྒྲིགས་དང་། གཞན་ཡང་དཔེ་དེབ་དུ་དྲངས་པའི་ལུང་ཁུངས་དག་ཀྱང་འབྲེལ་ཡོད་ཀྱི་བསྟན་བཅོས་ལ་ཁུངས་བསྟུན་ཅི་ཐུབ་ཀྱིས་ཚིག་དོན་གཉིས་ཀྱི་ཆ་ནས་དག་ཆ་ལེགས་པར་ཐོན་ཡོད།
《སི་ཏུའི་ཞལ་ལུང་ཁྲིད་པའི་འཆད་ཐོ་དཔྱིད་ཀྱི་མྱུ་གུ》ནི་དམ་པ་ཁོང་ཉིད་ཀྱི་སྐུ་ཚེ་གང་བོར་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་ཀྱི་གཞུང་ལ་འཆད་ཉན་བྱས་པའི་ཁྲིད་ལུང་གི་སྡོམ་ལྟ་བུ་ཡིན་པ་དང་།དེབ་འདིའི་ནང་ཁོང་གིས《སི་ཏུའི་ཞལ་ལུང》ཁྲིད་གཞི་གཙོ་བོར་བཟུང་སྟེ། གཞན་པྲ་ཏི་ཚང་དང་གསེར་ཏོག་ཚང་། ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་སྔོན་བྱོན་མཁས་དབང་མང་པོའི་བརྡ་སྤྲོད་ཀྱི་དགོངས་པ་ལུང་འདྲེན་དང་རྒྱ་ཆེར་བཀྲལ་ཏེ། བྱེ་བྲག་གི་ཁྱད་པར་དང་འབྲེལ་བ་སོགས་ལ་གཤིབ་སྡུར་དང་མཐའ་དཔྱོད་གཏིང་ཟབ་པར་མཛད་ཡོད་པས། དེང་གི་བློ་གསལ་དཔྱོད་ལྡན་རྣམས་ཀྱི་བློ་ཁ་དང་འཚམ་པར་མེས་པོའི་ཁྲིད་ལུང་ལྷད་མེད་ལྷུག་པོར་བསྩལ་པ་འདིས་ཀྱང་། དཔྱོད་ལྡན་རྣམས་ཀྱི་ཡིད་ཀྱི་ཞིང་ས་གཤིན་པོར་ཤེས་རིག་གི་དཔྱིད་ཀྱི་མྱུ་གུ་འབུས་ཤིང་སྟོན་གྱི་འབྲས་བུ་གཡུར་དུ་ཟ་བ་སྨིན་པར་གྲུ་ཆར་གྱི་ཚུལ་དུ་འཕོས་པ་དགེ་གྱུར་ཅིག
སྒྲིག་པ་པོས།
2020ལོའི་ཟླ6པའི་ཚེས19ཉིན།
དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱིས་གསུངས་རྒྱུར། སུམ་རྟགས་ཀྱི་གཞུང་འདི་ལ་ཡོན་ཏན་ཁྱད་པར་ཅན་གང་ལྡན་ཞེ་ན། རང་གི་བློ་ལ་འཆར་བ་རགས་པ་ཙམ་བསྡུས་ན་བཞི་ཡོད་དེ།
གཅིག  འདུས་པའི་ཡོན་ཏན་དང་ལྡན་པ།
ངག་གི་རྣམ་རིག་གི་གཞུང་ལ་སུམ་རྟགས་ཉིད་དང་དེ་ཡང་ཕྲད་ཀྱི་སྦྱོར་བ་དང་། གསལ་བྱེད་ཀྱི་སྒྲ་ལ་བརྟེན་ནས་དུས་དངོས་ལས་གསུམ་གྱི་འཇུག་པ་དང་མིང་མཐའ་སྒྲུབ་ལུགས་སོགས་ཀྱི་བརྡ་དག་གི་སྦྱོར་བ་གཏན་ལ་ཕབ་པས་གནད་འདུས་པ་ཞིག་ཏུ་བཞུགས་པས་ན། སྒྲ་དོན་གཉིས་ཀ་འདུས་པའི་ཡོན་ཏན་དང་ལྡན་པ། ཡན་ལག་མང་པོ་མི་དགོས་ཤིང་གཏན་ལ་ཕབ་པ་དག་གཞུང་གི་དོན་ལ་འབྱོར་བ། བློར་འཛིན་བདེ་བས་འདུས་པའི་བདག་ཉིད་ཅན་ཏེ་འདུས་པའི་ཡོན་ཏན་དང་ལྡན་པ་ཞིག་རེད།
གཉིས། གསལ་བའི་ཡོན་ཏན་དང་ལྡན་པ།
སྐྱེ་བོའི་ངག་ནས་སྐད་ཆ་ནི་ཅི་འདོད་དུ་འཇོ་ནུས་པ་དེ་བརྡ་དག་གི་སྦྱོར་བ་ལ་རེག་ལས། དེ་ཡང་གཙོ་བོ་རྣམས་ལ་རང་རང་གི་ཡན་ལག་སྡེ་རྣམས་བསྡུས་ཀྱང་དོན་གསལ་བ་ཏེ། དཔེར་ན། བྱ་བྱེད་ཐ་ཐད་པ་བསྟན་པ་ལ་བརྟེན་ནས་བྱ་བྱེད་ཐ་མི་དད་པ་ལ་སོགས་པ་ཞོར་དུ་གོ་ནུས་པ། ཡུལ་དང་བྱེད་པ། དགེ་བ་དང་། འབྱུང་བ་དང་། འབྲེལ་བ་དང་། གནས་པ་སོགས་ལ་བརྟེན་ནས་ལྷག་མའི་ཡན་ལག་ཐམས་ཅད་ཞོར་དུ་རྟོགས་ནུས་པ། འདི་ནི་གསལ་བའི་རང་བཞིན་ནོ།།
གསུམ། བདེ་བའི་ཡོན་ཏན་དང་ལྡན་པ།
སུམ་རྟགས་ཀྱི་གཞུང་གི་ཚིག་ཉུང་བས་བློར་འཛིན་བདེ་བ། བརྗོད་པ་གསལ་བས་འཆད་ཉན་གྱི་ལས་ལ་འཇུག་བདེ་བ། དེ་ལ་བརྟེན་ནས་བརྗོད་བྱའི་དོན་མི་འདྲ་བའི་གཞུང་གང་ཡིན་ཐམས་ཅད་ལ་འཇུག་བདེ་བ། གཞུང་གི་འཆད་ཉན་ལ་ཐབས་མན་ངག་གི་ནུས་པ་བླ་ན་མེད་པ་སྟེར་བ་དང་། གཞུང་གཞན་དང་གཞན་གྱི་ལས་ལ་འཇུག་པར་སྟབས་བདེ་བ། རང་གི་གང་བརྩམས་པ་ཐམས་ཅད་སྒོ་ཀུན་ནས་བཀག་མེད་དུ་འགྲུབ་བདེ་བས་ན་བདེ་བའི་ཡོན་ཏན་དང་ལྡན་པའོ།།
བཞི། བརླིང་བའི་ཡོན་ཏན་དང་ལྡན་པ།
བརྡ་དག་སྦྱོར་བའི་གནས་སོ་སོ་ལ་བློ་གྲོས་ཀྱིས་མ་ཆུམས་ན་དཀའ་བ་དེ་གང་ནས་སེལ་བར་ལེགས་སྦྱར་གྱི་གཞུང་ལ་ཁུངས་གཏུགས་ཡོད་པས་ཁུངས་བཙུན་པ། ཡན་ལག་གི་སྡེ་ལ་དུས་དང་། ཡུལ་དང་། གང་ཟག་དང་གསུམ་ག་གང་གི་སྒོ་ནས་ཀྱང་དུས་ཡལ་སོང་ཟེར་ནས་འདོར་ལེན་ཆེར་བྱེད་རྒྱུ་མེད་པ་དེ་བརླིང་བའི་རྟགས་གཅིག་རེད། སྐད་གསར་བཅད་ཀྱི་སྐབས་སུའང་ཕྲད་དང་ལས་ཚིག་གི་དུས་དངོས་ལས་དང་མིང་མཐར་སྐད་གསར་བཅད་མ་བྱུང་བས། མི་རིགས་གཞན་གྱི་བརྡ་དག་གི་གཞུང་ལ་བལྟས་ན་གངས་ཅན་པའི་བརྡ་དག་ལ་འཕོ་འགྱུར་དང་འདོར་ལེན་ཆེན་པོ་མ་བྱུང་བ་ནི་གཞུང་འཛུགས་ཀྱི་རྨང་བརྟན་པ།ཁུངས་བཙུན་པ། ནུས་པ་ཆེ་བ་སོགས་ཀྱིས་བྱུང་བས་ན། ད་ལྟའི་བར་དུ་སྤྱད་པ་དང་སྤྱོད་བཞིན་པ་འདིས་གཞུང་ཤིན་ཏུ་བརླིང་བའམ་བརྟན་པར་མཐོང་།  དེ་བས་ན་འདི་འདྲའི་ཆོས་བཞི་ལྡན་གྱི་སུམ་རྟགས་ཀྱི་གཞུང་འདི་ལ་ཐམས་ཅད་ཀྱིས་དུས་རྒྱུན་དུ་སློབ་གཉེར་བྱེད་དགོས་པར་མ་ཟད། སློབ་གཉེར་གྱི་འབྲས་བུ་ཡིས་གཞུང་གཞན་དང་གཞན་ལ་འཇུག་པ་དང་། མདོར་ན་ཐོན་མི་སམྦྷོ་ཊའི་སུམ་རྟགས་ཀྱི་འཕྲིན་ལས་སྐྱོང་བ་པོའི་འཕྲིན་ལས་སྐྱོང་བའི་ཕྱོགས་ལ་ཚང་མས་འབད་པ་གྱིས་ཞེས་པ་ཡིན། ད་ང་ལ་མཚོན་ན་ལོ་ན་རྒས་སོང་བ་རེད། འབད་པ་བྱས་ཀྱང་ཕན་ཐོགས་ཆེར་མེད། རེ་བ་འཇོག་ས། མིག་གིས་བལྟ་ས། རྣ་བས་ཉན་ས་སུ་ཡིན་ཞེ་ན། ཁྱོད་ཚོ་ཚང་མ་ཡིན་པས་ཁྱོད་ཚོས་འདིའི་ཕྱོགས་ལ་འབད་པ་ཧུར་ལེན་གྱིས་ཤིག །
འབྲེལ་ཡོད་འོས་སྦྱོར།