༄༅།།སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཀློག་དེབ་པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-08-05
ཀློག་གྲངས།:

ད་ལྟའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་གནས་བབ་ལ་བལྟས་ན། སྐད་ཡིག་སློབ་གཞི་ལས་གཞན་སྐད་ཡིག་གི་སློབ་ཁྲིད་དང་སློབ་སྦྱོང་ལ་རམ་འདེགས་བྱེད་ཐུབ་པ་དང་། སློབ་དེབ་ཀྱི་དཀའ་དོགས་གཙོ་གསུམ་གྱི་གནད་བཀྲོལ་བ། སློབ་ཁྲིད་ཀྱི་ཐབས་ཤེས་འཇུག་གསུམ་གྱི་ལམ་སྩོལ་བ། སློབ་མའི་སྤྲོ་དད་གཞོལ་གསུམ་གྱི་བློ་སློང་བ། ལྟ་ཀློག་འབྲི་གསུམ་གྱི་རྩལ་འདེགས་པའི་སློབ་ཕྱིའི་ཀློག་དེབ་ནི་ཤིན་ཏུ་དཀོན། གནས་བབ་འདི་བསྒྱུར་བ་དང་སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པ། ཐོས་པ་ཕུན་སུམ་ཚོགས་པར་གཏོང་བ། སྐད་ཚོར་སྐྱེན་པོ་ཡོང་དུ་འཇུག་པ། མྱོང་ཚོར་དང་གོ་བ་ལེན་པའི་ནུས་པ་སྐྱེད་པ། རང་ཉིད་ཀྱི་བསམ་བློའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་བསྒྱུར་ལྟེ་གནས་ཀྱིས་བསྒྲིགས་ཤིང་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་༢༠༢༠ལོར་ཞིབ་བཤེར་བྱས་པའི《སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཀློག་དེབ》༼༡-༤༽ཅེས་པའི་དེབ་ཕྲེང་འདི་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཡིན།
དེབ་ཕྲེང་འདི་ནི་མདའ་བཞི་གྲགས་པས་བརྩམས་པའི《ཉེ་ལམ་ཟམ་བཟང》ཞེས་པའི་དེབ་བཞི་ཡོད་པ་དེའི་རིགས་ལམ་དང་། དགོངས་པ། ནང་དོན་དང་སྒྲིག་སྟངས་སོགས་སོར་བཞག་བྱས་པའི་རྨང་གཞིའི་ཐོག་བཟོ་བཅོས་ཅུང་ཟད་བྱས་ཏེ་ཡིག་རིས་ཟུང་འབྲེལ་སྒོས་པར་སྒྲིག་བྱས་ཡོད། རྩོམ་པ་པོས་བགྲང་བྱ་བཅུ་ལྷག་གི་ལས་ཞོར་གྱི་དུས་ཚོད་བེད་སྤྱད་ནས་ཞིབ་འཇུག་དང་རྩོམ་སྒྲིག དེ་མིན་ཚོད་ལྟ་དང་བཟོ་བཅོས། ཞུ་དག་སོགས་ཡང་ཡང་བྱས་མཐར་བོད་ཀྱི་ཡི་གེ་སྦྱང་པའི་ལས་དང་པོ་བས་དུས་ཡུན་ཐུང་ངུའི་ནང་དུ་བོད་ཡིག་གི་སྒྲ་ཟུར་དཔྱིས་ཕྱིན་པར་ཀློག་ཤེས་པ་དང་། མིང་དང་ཚིག་གི་ཐོས་པ་ཕུན་སུམ་ཚོགས་པོར་གསོག་ཐུབ་པ། བརྡ་སྤྲོད་ཀྱི་ལུགས་ལྟར་ཕྲད་དང་རྣམ་དབྱེ་སྦྱོར་ཐུབ་པ། ཚིག་གི་ཕྲེང་བ་སྤེལ་དུས་ཡི་གེར་དག་ཆ་ཐོན་ཞིང་། དུས་གསུམ་དང་སྐུལ་ཚིག་གི་བྱ་ཚིག་མ་ནོར་བར་བེད་སྤྱོད་པར་ཕན་ཐོགས་པར་གདོན་མི་ཟ།
དེབ་འདི་དག་གིས་སྐད་ཡིག་བསླབ་ཚན་གྱི་རྨང་གཞིའི་ཤེས་བྱ་སྲ་བརྟན་དང་རྒྱ་སྐྱེད། གཏིང་ཟབ་ཏུ་འགྲོ་བ་དང་། ཉན་བཤད་འབྲི་ཀློག་གི་ནུས་རྩལ་མཐོ་རུ་འགྲོ་བར་རམ་འདེགས་དང་མཐུན་རྐྱེན་བསྐྲུན་ཡོད་པས་ཆུང་འབྲིང་སློབ་མའི་ཀློག་དེབ་ཡག་པོ་ཞིག་ཡིན་ལ། བོད་ཡིག་སྦྱོང་འདོད་པའི་ལས་དང་པོ་བ་དག་ལ་མཚོན་ན་ངེས་པར་མཁོ་བའི་དེབ་ཕྲེང་ལེགས་པོ་ཞིག་ཀྱང་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།