༄༅།།《ཤེས་བྱ་ཀུན་ཁྱབ་མཛོད》ཞིབ་བསྡུར་མ་བསྐྱར་དུ་དཔར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2020-12-23
ཀློག་གྲངས།:
དེ་ཡང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་མཛོད་ཅེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་མོ་འདི་ཉིད་དུ། གདུལ་ཞིང་འཇིག་རྟེན་ཁམས། འདུལ་བྱེད་སྟོན་པ་སངས་རྒྱས། འདུལ་ཐབས་ཆོས་ཀྱི་འཁོར་ལོ། དེ་ཉིད་འཕགས་བོད་རྣམས་སུ་དར་ཚུལ། གཞི་རྟེན་ཚུལ་ཁྲིམས་རྣམ་གསུམ། དང་པོར་ཐོས་པ། བར་དུ་བསམ་པ། ཐ་མར་སྒོམ་པའི་རྣམ་གཞག དེ་ལ་བརྟེན་ནས་ས་ལམ་བགྲོད་པ། མཐར་འབྲས་བུ་ལ་སྦྱོར་ཚུལ་བཅས་གནས་ཆེན་པོ་བཅུ། དེ་རེ་རེ་ལ་ནང་གསེས་ཀྱི་དབྱེ་བས་རྐང་པ་བཞི་བཞིར་ཡོད་པས་ཐེག་པ་ཆེ་ཆུང་། སྔ་འགྱུར་འོད་གསལ་རྡོ་རྗེའི་རྩེ་མོའི་དགོངས་པ་ཁྱད་པར་བ་རྣམས་ཀྱང་ཞར་ལ་རྟོགས་པར་བྱས་ཤིང་། དེ་དག་བསྡུ་ན་ལྔ་པས་ལྷག་པ་ཚུལ་ཁྲིམས། དྲུག་པ་དང་བདུན་པས་ཤེས་རབ། བརྒྱད་པས་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་བཏོན་ཞིང་གཞན་རྣམས་ནི་དེ་དག་གི་རྒྱུ་དང་འབྲས་བུའི་ཡན་ལག་ཏུ་འགྱུར་པ་སོགས་ཀྱི་བརྗོད་བྱ་གཙོ་བོར་བསྟན་ཡོད།

ཐེངས་འདིར། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པོ་ཏི་གསུམ་ཅན་གྱི་ས་གསུམ་ན་འགྲན་ཟླ་བྲལ་བའི་བསྟན་བཅོས་ཆེན་མོ་འདི་ཉིད་ནི། དཔལ་སྤུངས་སྤར་མ་དང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་ཞུ་དག་དང་ས་བཅད་མཛད་པའི་དེབ་ལ་གཞི་བཅོལ་དེ་གཤིབ་བསྡུར་ཡང་ཡང་ཞུས་མཐར་བསྐྱར་དུ་དཔར་བ་དགེ་གྱུར་ཅིག །