logo

༄༅།།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས》དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-02-02 ཀློག་གྲངས།:
      རིག་གཞུང་ཚན་ཁག་སོ་སོའི་མིང་བརྡ་གཅིག་གྱུར་དང་ཚད་ལྡན་དུ་གཏོང་རྒྱུ་དང་། ཚིག་མཛོད་འཛུགས་སྐྲུན་ལ་ཤུགས་བསྣོན་པ་ནི་བོད་ཡིག་གི་བསླབ་གཞི་བསྐྲུན་པར་མེད་དུ་མི་རུང་བའི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན། མིང་བརྡ་ནི་ཆ་འཕྲིན་གྱི་ཐེག་བྱེད་ཡིན་པས་དེས་མིང་བརྡ་ཚད་མཐུན་ཡོང་བར་སྐུལ་འདེད་བྱས་ནས་ཚད་ལྡན་དུ་གཏོང་ཐུབ་ན། ཤེས་བྱ་ཁྱབ་སྤེལ་དང་། ལག་རྩལ་བརྒྱུད་འདྲེན། རིག་གཞུང་བརྗེ་རེས། ཆ་འཕྲིན་དང་གཞི་གྲངས་སྤེལ་རེས་བཅས་བྱ་རྒྱུ་ལ་དོན་སྙིང་གལ་ཆེན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རྩིས་འཁོར་དུ་ཐག་གཅོད་བྱ་རྒྱུ་དང་། ཚད་ལྡན་ཡིག་ཆའི་དོ་དམ་བྱ་བ། རིག་གནས་སློབ་གསོ་དང་། གསར་འགྱུར་དཔེ་སྐྲུན། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་བཅས་ལ་དགེ་མཚན་ཆེ་ཞིང་། རང་མི་རིགས་ཀྱི་སྐད་བརྡས་ཕྱི་ནང་དུ་བརྗེ་རེས་བྱེད་པའི་བཀག་རྒྱ་རིམ་བཞིན་སེལ་བར་ཕན་ནུས་ཆེན་པོ་ཡོད།
ས་ཁམས་རིག་པ།(མིང་བརྡ༢༥༠༠༠ལྷག་བསྡུ་རུབ་བྱས་ཡོད།)
      མིང་བརྡ་ཚད་ལྡན་དུ་གཏོང་བའི་བྱ་བ་ནི་ཞིབ་ཚགས་ཤིན་ཏུ་ཆེ་བ་དང་བླང་བྱ་མཐོ་ཞིང་རྩ་དོན་རང་བཞིན་དྲག་པ་ཞིག་ཡིན། 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས》འདི་ནི་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་ཡིག་སློབ་གཞི་རྩོམ་སྒྱུར་སྡེ་ཁག་དང་། འབྲེལ་ཡོད་ཀྱི་སློབ་གྲྭ་ཆེ་འབྲིང་། བོད་ཀྱི་སྐད་ཡིག་སློབ་ཁྲིད། ཚན་རིག་ཞིབ་འཇུག། ཡིག་སྒྱུར་སོགས་ཀྱི་ལས་ཁུངས་མང་པོའི་ཆེད་མཁས་བརྒྱ་ཕྲག་ལྷག་གིས་ཐུགས་གཟབ་ནན་སྒོས་ཚན་རིག་དང་མཐུན་པའི་སྤྱོད་སྟངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་ལས་གྲུབ་པ་རེད།
སྐྱེ་དངོས་རིག་པ།(མིང་བརྡ༢༠༨༠༠ལྷག་བསྡུ་རུབ་བྱས་ཡོད།)
      འདིར་དེ་སྔར་དཔེ་སྐྲུན་བྱས་ཟིན་པ་ལ་གྲངས་རིག་པ་དང་། དངོས་ལུགས་རིག་པ། རྩིས་འཁོར་རིག་པ། རྫས་འགྱུར་རིག་པ་བཅས་རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་བཞི་ཡོད་ཅིང་། ཐེངས་འདིར་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《ས་ཁམས་རིག་པ》དང《སྐྱེ་དངོས་རིག་པ》ཡི་དེབ་གཉིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་།  འདིས་ཀྱང་བོད་ཀྱི་སྐད་ཡིག་གི་མིང་བརྡ་རྣམས་ཚད་མཐུན་ཅན་དང་ཚད་ལྡན་ཅན་དུ་ཡོང་བའི་རྒྱུ་རུ་འགྱུར་བར་སྨོན།
འབྲེལ་ཡོད་འོས་སྦྱོར།