༄༅།།མགོ་ལོག་ཁུལ་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་སྦྱོང་བསླབ་ཚན་དཔེ་ཚོགས་དཔེ་སྐྲུན་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-02-04
ཀློག་གྲངས།:
ཉེ་ཆར། མགོ་ལོག་ཁུལ་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་སྦྱོང་བསླབ་ཚན་དཔེ་ཚོགས་ཀྱི《སྡེབ་སྦྱོར་སོགས་ཉེར་མཁོ་ཕྱོགས་བསྡུས》དང《མངོན་པ་མཛོད་རྩ་འགྲེལ》དང《མདོ་མཛངས་བླུན》《བོད་ཀྱི་ཡིག་གཟུགས་འབྲི་སྦྱོར་གོམ་པ་དང་པོ》བཅས་དེབ་བཞི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
《སྡེབ་སྦྱོར་སོགས་ཉེར་མཁོ་ཕྱོགས་བསྡུས》སུ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་ཅིང་། དགེ་སློང་ནམ་མཁའ་བཟང་བོས་བསྒྱུར་ཞིང་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་དག་པར་བཅོས་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། ལོ་ཆེན་དྷརྨ་ཤྲིས་མཛད་པའི་དེའི་འགྲེལ་བ་དོན་གསལ་མེ་ལོང་། དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དང་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་དེའི་འགྲེལ་བ། སྣར་ཐང་ལོ་ཙཱ་བའི་སྔགས་བཀླག་ཐབས་བསྡུས་པ་དང་དེའི་འགྲེལ་བ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཡི་སྔགས་ཀྱི་ཀློག་ཐབས་ཤེས་རབ་མིག་འབྱེད། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་ངག་གི་སྡོམ་ཚིག་འཕྲུལ་གྱི་ལྡེ་མིག་སོགས་བཀོད་ཡོད།
《མངོན་པ་མཛོད་རྩ་འགྲེལ》དུ་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་རྩ་འགྲེལ་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པ་ཆོས་མངོན་པའི་མཛོད་ཀྱི་མཆན་འགྲེལ་དབྱིག་གཉེན་དགོངས་པ་གསལ་བའི་སྒྲོན་མེ་གཉིས་བཀོད་ཡོད།
《མདོ་མཛངས་བླུན》དུ་ཡང་མགོ་བཅད་མཇུག་རྡུམ་སོགས་བྱས་མེད་པར་ནང་དོན་ཆ་ཚང་བར་འཁོད་ཡོད། 《བོད་ཀྱི་ཡིག་གཟུགས་འབྲི་སྦྱོར་གོམ་པ་དང་པོ》རུ་ཐོག་མར་བོད་ཀྱི་ཡིག་གཟུགས་ཀྱི་དར་ཚུལ་མདོར་བསྡུས་དང་དབུ་ཅན་དབྱངས་གསལ་གྱི་སྨྱུག་རིམ། ཚུགས་རིང་གི་སྨྱུག་འགྲོས། དེ་མིན་མགོ་ལོག་སྡེར་ནང་ས་བྲིས་ཀྱི་དཔེ་རིས་བཅས་བཀོད་ཡོད་དོ།།