logo

༄༅།།《ཧི་མ་ལ་ཡ་བརྒལ་བ།—ཧི་མ་ལ་ཡའི་ལྷོ་རྒྱུད་རི་ཁུལ་མྱུལ་བའི་རིག་གཞུང་རྟོག་ཞིབ་ཟིན་ཐོ》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-04-30 ཀློག་གྲངས།:
      ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱི་བརྩམས་ཆོས《ཧི་མ་ལ་ཡ་བརྒལ་བ།—ཧི་མ་ལ་ཡའི་ལྷོ་རྒྱུད་རི་ཁུལ་མྱུལ་བའི་རིག་གཞུང་རྟོག་ཞིབ་ཟིན་ཐོ》ཞེས་པའི་དེབ་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

གློ་བོའི་ཡུལ་གྱི་རྣམ་རྒྱལ་ཆོས་སྡེ།
      དེ་ཡང་ཧི་མ་ལ་ཡའི་ལྷོ་རྒྱུད་ཕྱོགས་ནི་བོད་ཀྱི་ཤེས་རིག་ལ་འབྲེལ་ལམ་ཟབ་སའི་ཡུལ་ཞིག་ལགས་ཤིང་། ནང་བསྟན་ཆོས་ལུགས་ཙམ་མ་ཟད། གནའ་བོའི་ཤེས་རིག་གི་མ་ལག་གཞན་དག་ཐད་ནས་ཀྱང་བོད་དང་ཧི་མ་ལ་ཡའི་རི་ཁུལ་གྱི་མི་རིགས་ཁག་བར་འབྲེལ་བ་རྒྱུན་མར་བྱུང་ཡོད། འབྲེལ་ལམ་འདིས་ཧི་མ་ལ་ཡ་རི་བོའི་ཕར་ཚུར་གྱི་བར་ཐག་བསྟུངས་པར་བྱས་ཡོད་པ་དང་། བོད་ཀྱི་ཤེས་རིག་སྲོག་ཤིང་ཡིན་པའི་ཧི་མ་ལ་ཡའི་ཤེས་རིག་གི་མ་ལག་གྲུབ་སྟེ་ཐུན་མིན་གྱི་མཚར་སྡུག་ངོམས། ཚུལ་འདི་ལས་བརྩམས་ཏེ། ཁོ་བོས་ལོ་འདི་དག་ལ་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་བོད་གཏོགས་མི་རིགས་དང་བོད་འབྲེལ་མི་རིགས་ཁག་ལ་དོ་སྣང་ཉམས་ཞིབ་བྱས་པ་ཡིན་ཞིང་། ཡུལ་དངོས་རྟོག་དཔྱོད་ཀྱི་ལས་ཀའང་ཐེངས་གཉིས་ལྷག་ལ་བསྒྲུབས་ཏེ་འབྲེལ་ཡོད་རྒྱུ་ཆ་འཚོལ་སྡུད་དང་བར་སྐབས་ཞིབ་འཇུག་གི་འབྲས་བུ་འགའ་རེ་བླངས། སྐབས་སུ་བབས་པ་ནི་རིག་གཞུང་ལས་ཀ་འདིའི་ནང་གསེས་ཤིག་སྟེ། བལ་ཡུལ་ཀ་ཋ་མན་ཊུའི་གཞུང་ཁོག་གི་ཉེ་འདབས་ས་ཁུལ་ཁ་ཤས་དང་། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ལུམྦི་ནིའི་ཚལ། གློ་སྟོད་སྨད་བཅས་དང་། འབྲུག་རྒྱལ་ཁབ་ཀྱི་ཐིམ་ཕུག་དང་སྤུ་ན་ཁ། ཀྲོང་གསར། བུམ་ཐང་། སྤ་གྲོ་སོགས་ས་ཁུལ་རྣམས་སུ་དངོས་བསྐྱོད་བརྟག་དཔྱད་བྱས་པ་ལ། སྐབས་དེའི་མཐོང་ཐོས་དྲན་རེག་གཙོར་བྱས་འབྲེལ་ཡོད་རྒྱུ་ཆ་འགའ་རེས་ཟུར་བརྒྱན་ཏེ་གྲུབ་པའི་རིག་གཞུང་རྟོག་ཞིབ་ཀྱི་ཟིན་ཐོའི་དེབ་ཅིག་ཡིན།
བྱང་ཆུབ་ཤིང་དྲུང་དུ་པྲ་ཀྲི་ཏའི་སྐད་ཀྱིས་ཆོས་གསུང་བཞིན་པ།
     དེབ་འདི་ནི་རིག་གཞུང་ཞིབ་འཇུག་གི་ཆེད་དེབ་རྐྱང་བ་ཞིག་མ་ཡིན་ཡང་། ཁོ་བོ་རང་ཉིད་ལོ་ངོ་འགའི་རིང་སྔ་ཕྱིར་ཐེངས་གཉིས་ཡུལ་དངོས་སུ་ཕྱིན་ཏེ་བརྟག་དཔྱད་བྱས་ཁུལ་གྱི་ཟིན་བྲིས་ཤིག་ལགས་པས། རིག་གཞུང་དཔྱད་ཞིབ་ཀྱི་ཟླར་འགྲོ་ཞིང་། མ་འོངས་པར་འདིའི་ཐད་ལ་དོ་སྣང་དང་ལྷག་པར་ཉམས་ཞིབ་བྱེད་མཁན་གྱི་བོད་མི་རེ་གཉིས་འབྱུང་བ་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་པ་ལ་ཐང་མེད་སྙམ་པའི་ཀུན་སློང་གིས། འདི་ཀོ་རིག་གཞུང་བརྟག་དཔྱད་ཀྱི་ཟིན་བྲིས་དེབ་ཆུང་པར་རིས་དང་བཅས་ཏེ་རིགས་མཐུན་གྲོས་མཉམ་དག་གི་གཟིགས་མོར་ཕུལ་བ་ཡིན། དོན་དངོས་སྟེང་། དེབ་འདིའི་ནང་རིག་གཞུང་གི་བྲོ་བ་ཅུང་ཟད་མངའ་བའི་ཡི་གེའང་རབ་ཅིག་ཡོད་ཅིང་། མང་མང་ལ་དམིགས་པའི་རྟོག་ཞིབ་ཟིན་ཐོ་ཡིན་པའི་ཆ་ནས་རིག་གཞུང་གི་ཁྱད་ཆོས་ཆེ་རུ་བསྐྱེད་དྲགས་ན་མི་འགྲིག་མོད། དེས་ཁོ་བོ་མ་གཞི་ནས་རིག་གཞུང་ལས་གཉེར་བ་ཞིག་ཡིན་པའི་ཚུལ་མཚོན་བཞིན་ཡོད། རྒྱུ་མཚན་དེའི་དབང་གིས། དེབ་འདིར་རིག་གཞུང་གི་རྣམ་པ་ཨེན་ཙམ་འཛོམས་པར་བྱས་ཏེ་དཔེ་ཀློག་གི་རིག་གཞུང་རང་བཞིན་ཆེ་རུ་བསྐྱེད་ཡོད་པ་དང་། ཡུལ་དུས་ཀྱི་དངོས་མཐོང་རྣམ་པ་ཇི་བཞིན་ཞིབ་བརྗོད་བྱས་པའི་ཞར་ལ། མཚམས་རེར་བབ་བཞིན་དཔྱད་པ་འགྲིག་མོ་རེ་ཡང་ཁ་སྐོང་གི་ཟོལ་དུ་བཞག་ཡོད། དེ་བཞིན་ཧི་མ་ལ་ཡའི་ལྷོ་རྒྱུད་ཡུལ་ལུང་འདི་ཉིད་ས་ཁོངས་རྒྱ་ཆེ་བ་ཞིག་ཡིན་འདུག་མོད། ཁོ་བོ་དངོས་སྐྱོད་བརྟག་དཔྱད་བྱས་པའི་ས་ཆར་ཚད་ཡོད་པའི་སྟབས་ཀྱིས། དེབ་འདིར་ཧི་མ་ལ་ཡའི་ལྷོ་རྒྱུད་ཡུལ་གྲུའི་བོད་གཏོགས་མི་རིགས་དང་བོད་འབྲེལ་མི་རིགས་ཁག་གི་ས་ཁུལ་རྫོགས་པར་འགོད་ཐུབ་མེད་པ་དང་། ཡུལ་གཙོ་བོ་ཁག་ཅིག་ལའང་འགྲོ་སྟབས་མ་བདེ་བ་བཅས། རང་ཉིད་དངོས་སུ་སོང་མྱོང་བའི་གནས་ཚུལ་ཇི་ལྟ་བ་བཞིན་འགོད་རྒྱུ་ལས་འོས་མེད་པར་གྱུར་ཅིང་། དེས་ཀློག་མཁན་དག་གི་འདོད་པ་མ་ཚིམས་པ་བྱུང་ན་མཐོལ་ལོ་བཤགས་སོ། །
རྩོམ་པ་པོས་བལ་བོའི་སྟོན་པའི་རྗེས་དྲན་ཁང་གི་མདུན་དུ་བསྐྱོན་པའི་འདྲ་པར།
འབྲེལ་ཡོད་འོས་སྦྱོར།