logo

༄༅།།《ཞང་གཟི་བརྗིད་འབར་གྱི་སྨན་དཔྱད་གསུང་རྩོམ་ཞིབ་འཇུག》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-05-11 ཀློག་གྲངས།:
      ཞང་གཟི་བརྗིད་འབར་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་དཔྱད་སྨན་གྱི་རིག་པར་མཛད་རྗེས་རླབས་པོ་ཆེ་བཞག་མྱོང་བའི་མཁས་པ་གྲགས་ཅན་ཞིག་ཡིན་ཡང་། མིག་སྔར་ཁོང་གི་མཛད་རྣམ་དང་། ཁོང་གིས་མཛད་པའི་གསོ་དཔྱད་ཀྱི་གསུང་རྩོམ་སྐོར་ཆ་ཚང་ཞིང་ཞིབ་ཕྲ་བར་བཀོད་པའི་ལོ་རྒྱུས་ཡིག་ཆ་ཁུངས་དག་པ་ཞིག་མཇལ་དུ་མེད་པའི་དབང་གིས་ཞང་གཟི་བརྗིད་འབར་གྱི་ལོ་རྒྱུས་གནས་བབས་དང་། ཁོང་གིས་མཛད་པའི་གསོ་དཔྱད་གཞུང་ལུགས་གང་དག་གི་དོན་དངོས་གནས་ཚུལ། དེ་དག་གི་ལོ་རྒྱུས་རིན་ཐང་སོགས་ཅུང་ཆ་ཚང་བར་ཤེས་མཁན་ཧ་ཅང་ཉུང་བའི་གནས་སུ་གྱུར་ཡོད།

དྲི་མེད་གཟི་བརྗིད་ཀྱི་གནས་ལུགས་ནད་གཞིའི་སྡོང་འགྲེམས།(རྩོམ་པ་པོས་ཇུས་འགོད་བྱས་ནས་བསོད་ནམས་དབང་ཕྱུག་གིས་བྲིས།)
     ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《ཞང་གཟི་བརྗིད་འབར་གྱི་སྨན་དཔྱད་གསུང་རྩོམ་ཞིབ་འཇུག》ཅེས་པའི་དཔེ་དེབ་འདི་ནི། གསོ་རིག་འབུམ་རམས་པ་སྟོང་སྐོར་མགོན་པོ་དོན་གྲུབ་ཀྱིས་ལོ་ཤས་རིང་ངལ་བ་དང་དུ་བླངས་ཏེ་འབད་པ་ཆེར་སྐྱེད་བྱས་ནས་ཞང་གཟི་བརྗིད་འབར་དང་། ཁོང་གིས་མཛད་པའི་གསོ་དཔྱད་ཀྱི་གསུང་རྩོམ་ལོ་རྒྱུས་སྐོར་ལ་དེ་སྔ་ངོས་འཛིན་གཅིག་གྱུར་མེད་པ་དང་། ངོས་འཛིན་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐད་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་ཞིབ་འཇུག་ཐབས་ལམ་དང་། དེང་རབས་ལོ་རྒྱུས་རིག་པ། དཔེ་རྙིང་ཞིབ་འཇུག་རིག་པ་སོགས་ཞིབ་འཇུག་གི་ཐབས་ལམ་མང་པོར་བརྟེན་ནས་ཅུང་ཆ་ཚང་ཞིང་། གཏིང་ཟབ་ལ་ཞིབ་ཚགས་པའི་སྒོ་ནས་ཞིབ་འཇུག་གནད་ལ་འཁེལ་བར་བྱས་ཏེ་བརྩམས་པའི་དཔྱད་འབྲས་འདི་ཉིད་ད་ལམ་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་ཡིན་ལགས་ན། འདིས་ཀྱང་ཞང་གཟི་བརྗིད་འབར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། ཁྱད་པར་ཁོང་གིས་མཛད་པའི་གསོ་དཔྱད་ཀྱི་གཞུང་ལུགས་གཙོ་བོ་དེ་དག་དང་། དེ་དག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟ་བ། ལོ་རྒྱུས་རིན་ཐང་སོགས་རྟོགས་པར་བྱེད་པ་ལ་ཕན་འབྲས་མི་དམན་པ་ཞིག་ཐོན་པར་གདོན་མི་ཟའོ།།
 སྡེ་དགེ་སྨན་རྩིས་ཁང་དུ་བཞུགས་པའི་སྒྲོན་གསལ་གདམས་པ་སུམ་ཅུ་པའི་མ་ཡིག

རྩོམ་པ་པོ་ངོ་སྤྲོད།

      སྟོང་སྐོར་མགོན་པོ་དོན་གྲུབ། སྤྱི་ལོ་༡༩༨༥ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་ཆོས་རྗེ་སྟོང་སྐོར་སྡེ་བར་སྐྱེས། ༢༠༠༦ནས་༢༠༡༤ལོའི་བར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་བོད་སྨན་དངོས་གཞི་དང་རབ་འབྱམས་ཞིབ་འཇུག་སློབ་མར་སྦྱང་བརྩོན་བྱས། ༢༠༢༠ལོར་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་མཉམ་གཉེར་གྱི་བོད་སྨན་འབུམ་རམས་པའི་སློབ་གནས་བླངས།
       སྤྱི་ལོ་༢༠༡༡ལོ་ནས་ད་བར་བོད་ལྗོངས་སྨན་རྩིས་ཁང་བོད་སྨན་ཞིབ་འཇུག་གླིང་རིག་གཞུང་ཞིབ་འཇུག་ཁང་དུ་ལས་གཉེར་བྱས་ནས། སྔ་ཕྱིར་《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་》སོགས་བོད་སྨན་གནའ་དཔེ་དག་སྒྲིག་དང་། 《གངས་ལྗོངས་སྨན་རྩིས་》དུས་དེབ་རྩོམ་སྒྲིག་གི་ལས་སུ་ཞུགས་ཤིང་། བོད་སྨན་ལོ་རྒྱུས་དང་གནའ་དཔེ། རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནས་རྒྱལ་ནང་གི་དུས་དེབ་ཁག་ཏུ་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ་ཡོད།
འབྲེལ་ཡོད་འོས་སྦྱོར།