༄༅།།《དཔལ་སྤྲུལ་སྙན་རྩོམ་གཅེས་བཏུས》ཞེས་པ་པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-05-26
ཀློག་གྲངས།:
རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་གཅེས་བཏུས་ཞེས་པའི་དེབ་འདི་ཉིད་སྤྱི་ལོ༡༩༩༢ལོར་བཀའ་འབུམ་ཆ་ཚང་དེབ་གཟུགས་སུ་པར་གཞི་གསར་བསྒྲིགས་མ་བྱས་པའི་ལོ་བཅུའི་སྔོན་ལ་། མཆོག་སྤྲུལ་ཐུབ་བསྟན་ཉི་མས་དཔལ་སྤྲུལ་བཀའ་འབུམ་དེབ་གཟུགས་པོད་དྲུག་ཅན་གྱི་ནང་ནས་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ་དང་། ཆོས་དང་འཇིག་རྟེན་ཤེས་པའི་བསྟན་བཅོས་གདོལ་བའི་དྲང་སྲོང་གི་གཏམ་ཐར་བའི་ཐེམ་སྐས་སོགས་སྙན་རྩོམ་སྐོར་ཁག་ཉེར་དྲུག་ཙམ་ཕྱོགས་གཅིག་ཏུ་བཏུས་ནས།གནའ་དེང་གི་སྙན་རྩོམ་ལ་བློ་གྲོས་གཞོལ་བའི་བོད་ཀྱི་ན་གཞོན་ཡོངས་ལ་ཕན་དུ་རེ་ནས་འདིར་འཁོད་པ་ཡིན་ལ། སྙན་རྩོམ་འདི་དག་ནི་གནའ་དེང་གི་རྩོམ་རིག་སྒྱུ་རྩལ་ལ་ཐོས་བརྩོན་དང་མོས་འདུན་ཆེ་བའི་དབང་པོ་རབ་འབྲིང་ཐ་གསུམ་ལ་འཚམས་པའི་བློ་གྲོས་ཀྱི་འཇུག་སྒོ་གསལ་བར་བྱེད་པའི་མུན་སྟུག་གི་སྒྲོན་མེ་ལྟ་བུ་ཞིག་ཡིན་པ་ནི་སྨོས་མེད་རེད།

ཉེ་ལམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《དཔལ་སྤྲུལ་སྙན་རྩོམ་གཅེས་བཏུས》འདི་ནི༢༠༡༥ལོར་དཔལ་སྔ་འགྱུར་རྫ་རྒྱལ་དགོན་ཕན་བདེའི་དཔེ་ཚོགས་ཁང་གིས་བསྡུ་སྒྲིག་དང་གསར་རྙེད་ཁ་གསབ་བཅས་བྱས་པ་དཔར་ཐེངས་བཞི་པ་ཡིན་པས། སྙན་རྩོམ་འདི་དག་ནི་མཁས་པས་བརྟག་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུས་ལ་འཛིན་བདེ་བ། རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་དང་ལྡན་པ། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་བས་མཁས་རྨོངས་བར་མའི་སྐྱེ་བོ་ཀུན་གྱི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད་དོ།།