logo

༄༅།།མོ་ནད་འགོག་བཅོས་དང་ཟས་སྤྱོད་སྤང་བླང་སྐོར་བཤད་པ་ཀེ་ཏ་ཀའི་འབྲས་བུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-05-27 ཀློག་གྲངས།:
        སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས་འཚོ་བའི་ཁྲོད་ཀྱི་ཟས་སྐོམ་དང་། ཡང་ན་དུས་རབས་ཡར་རྒྱས་ཀྱི་གསེང་ནས་བྱ་སྤྱོད་ཀྱང་འདྲ་མིན་སྣ་ཚོགས་པ་ཞིག་དར་ཁྱབ་འགྲོ་བཞིན་པའི་རྐྱེན་གྱིས་དེ་དང་ཆ་མཐུན་གྱི་ལུས་ཁམས་ལ་ནད་རིགས་ཀྱང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། ལྷག་པར་དུ་བུད་མེད་ལ་བརྟག་བཅོས་བྱེད་དཀའ་བའི་མོ་ནད་ཀྱི་རིགས་མང་པོ་འབྱུང་བ་དེ་དག་ཧ་ཅང་བཅོས་སྐྱེད་དཀའ་བར་སྣང་ཕྱིར། དེ་དག་ལ་ཐོག་མ་ནས་དམིགས་བསལ་གྱི་སྔོན་འགོག་དང་བཅོས་ཐབས་ཀྱི་ཕན་སྐྱེད་རེ་ཡོང་ཕྱིར་རྩོམ་པ་པོས་བུད་མེད་རང་ཉིད་ཀྱི་ལུས་ཀྱི་འཕྲོད་བསྟེན་དང་མཚན་མའི་གཙང་སྦྲ་བྱེད་སྟངས་སྐོར་སོགས་ནས་བོད་ལུགས་གསོ་རིག་གི་རྒྱུད་འབྲེལ་མང་པོ་ཞིག་གི་དགོངས་གཞི་གཞིར་བཟུང་ནས་བརྩམས་པའི《མོ་ནད་འགོག་བཅོས་དང་ཟས་སྤྱོད་སྤང་བླང་སྐོར་བཤད་པ་ཀེ་ཏ་ཀའི་འབྲས་བུ》ཞེས་པ་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད། 

རྩོམ་པ་པོ་ངོ་སྤྲོད།

      འདན་མ་ཀུན་བཟང་རང་གྲོལ་ནི་སྤྱི་ལོ1971ལོར་འདན་དྲན་ཐང་དགེ་ཕྱུག་ཚང་དུ་ཕ་ཡེ་ཤེས་རྡོ་རྗེ་དང་མ་ནོར་རྒྱུན་ལྷ་མོ་གཉིས་ཀྱི་བུར་སྐྱེས་ཤིང་། ཕ་དང་ཕའི་ཁུ་བོ་བླ་མ་བཟོད་པ་དྲི་མེད་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སྦྱངས། རང་ལོ་ཉི་ཤུ་ཡས་མས་སུ་བོད་ཀྱི་གསོ་བ་རིག་པར་སློབ་འགོ་བརྩམས། གསོ་རིག་གི་དགེ་རྒན་ཐོག་མ་ལྷ་རྗེ་རྡོ་དོན་ལས་བོད་ལུགས་གསོ་རིག་གི་གཞི་རྩའི་སྨན་གཞུང་སྐོར་བསླབས། 1997ལོའི་ལོ་མཇུག་ཏུ་མི་ཕམ་གསོ་རིག་སློབ་གྲྭར་སོང་ནས་འཇུ་ཚེ་སྟོབས་གཙོས་དགེ་རྒན་ཉི་ཤུ་ལྷག་ལས་གསོ་རིག་རྒྱུད་འགྲེལ་ཁག་ལ་སློབ་གཉེར་གནང་། མཁན་པོ་པདྨ་རིག་འཛིན་སོགས་སྐྱེས་ཆེན་དུ་མ་ལས་ནང་ཆོས་དང་རྩིས་གསོ་རིག་སྐོར་ཞུས། ལོ་བཞིའི་རིང་ལ་སློབ་གྲྭའི་འཛིན་གྲྭ་གཉིས་པ་ཚང་གི་དགེ་རྒན་བྱས། 2005ལོར་དཀར་མཛེས་ཁུལ་འཕྲོད་བསྟེན་སྡེ་ཁག་ཏུ་རྒྱལ་ཁབ་ཀྱི་ལས་ཞུགས་ཡིག་ཚད་ཁྲོད་རྒྱུགས་འབྲས་ཨང་དང་པོ་བླངས་པར་བརྟེན་མི་ཕམ་གསོ་རིག་སློབ་གྲྭའི་སྙན་གྲགས་ས་ཕྱོགས་གང་སར་ཁྱབ། སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རྫོང་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ་ཉི་ཤུ་ལྷག་བཀོད་ཅིང་། ད་ལྟ་སྨན་པ་རབ་འབྱམས་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།