logo

༄༅།།《རྟོག་པ་འགྱུ་མའི་གླུ་སྐད》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-06-09 ཀློག་གྲངས།:
      ཉེ་ཆར། ན་གཞོན་སྙན་ངག་པ་ཅོ་བྱང་སྐར་གྱི་སྙན་དེབ་ཐོག་མ《རྟོག་པ་འགྱུ་མའི་གླུ་སྐད》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      སྙན་དེབ་འདི་ནི་རྩོམ་པ་པོས་མི་ལོ་དུ་མའི་རིང་ལ་བྲིས་པའི་བརྗོད་པ་དག་ལས་བཅད་མ་ཚང་མ་ཕྱོགས་གཅིག་ཏུ་སྒྲིལ་ནས་པར་སྐྲུན་བྱས་པའི་སྙན་དེབ་ཐོག་མ་ཡིན་ལ། ནང་སེམས་ཀྱི་འཇིག་རྟེན་དང་ཕྱི་སྣོད་ཀྱི་འཇིག་རྟེན་སོགས་ལ་གྲུབ་པའི་མཐོང་ཐོས་མཐོས་མྱོང་གསུམ། མ་ཟད་ཁ་བ་རི་བོའི་ཡུལ་གྱི་རི་ཆུའི་བཀོད་པ་དང་ནང་སྒོས་སུ་ཕ་ཡུལ་ཅོ་ནེ་ཡི་རི་ཆུ་ནགས་གསུམ་ལ་བསྟོད་པ། བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་དང་དུས་བཞི་ཡི་འགྱུར་ལྡོག་གི་ཚོར་སྣང་། དུས་རབས་ཀྱི་འཕེལ་འགྲིབ་ལ་བསམ་གཞིགས། མི་ཆོས་ཀུན་སྤྱོད་ཀྱི་དར་རྒུད་ལ་སེམས་ཁུར། སྤྱི་ཚོགས་ཀྱི་ཟུར་ངོས་མང་པོར་སུན་འབྱིན་བྱས་པ་སོགས་ལས་གྲུབ་པ་ཞིག་ཡིན་ནོ།།

རྩོམ་པ་པོ་ངོ་སྤྲོད།

      ཅོ་བྱང་སྐར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་ས་ཆར་སྐྱེས། སྤྱི་ལོ2012ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་མཐར་ཕྱིན་རྗེས་ཁྲེང་ཏུའུ་གྲོང་ཁྱེར་དུ་གསར་འགོད་པའི་ལས་ཀ་གཉེར། ཞོར་དུ་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་སྦྲང་ཆར་དང་ཟླ་ཟེར། བོད་ཀྱི་རྩོམ་རིག་སྒྱུ་རྩལ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། གངས་དཀར་རི་བོ་དང་མི་རིགས་དུས་དེབ་སོགས་གཙོ་བྱས་གཞུང་སྒེར་གང་རུང་གི་དུས་དེབ་དང་། ཚགས་པར། དྲ་ངོས་སོགས་སུ་བརྩམས་ཆོས་ཁ་ཤས་བཀོད་མྱོང་ངོ་།།
འབྲེལ་ཡོད་འོས་སྦྱོར།