logo

སྒྲུང་ཐུང་ཕྱོགས་བསྒྲིགས《སྨན་པ་མཚོ་མོ》པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-08-06 ཀློག་གྲངས།:
        ཉེ་ཆར། མགར་ཐར་འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས་པའི་བརྩམས་སྒྲུང་ཕྱོགས་བསྒྲིགས《སྨན་པ་མཚོ་མོ》ཞེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།       དེབ་འདི་ནི་རྩོམ་པ་པོས་ལོ་ངོ་བདུན་ལྷག་རིང་སློབ་གཉེར་གྱི་ཞོར་དུ་གསར་རྩོམ་གནང་ནས་གྲུབ་པའི་སྒྲུང་ཐུང་སྟེ།《རྟ་མོག་རོ》《འགྱུར་མེད་དམ་བཅའ》《ས་སྲོད་ཀྱི་དྷཱི་སྐད》《བཙན་དམག》《ཕག་རི་ཇོ་མོའི་འཛུམ་མདངས》《ལམ་བུ་ཀྱག་ཀྱོག》《མཐོ་རྒྱུགས་ཀྱི་སྔ་གཞུག་ཏུ》《ཕ་མེས་གཅེས་ནོར》《གུང་སེང》《མེ་ཏོག་ཤར་གཅིག་གི་དར་རྒུད》《ཡུལ་སྐོར་བ》《དཀའ་སྡུག་གིས་གཙེས་པའི་ལོ་ཟླ》《སྨན་པ་མཚོ་མོ》བཅས་བརྗོད་བྱ་རིགས་མི་འདྲ་བའི་སྒྲུང་གཏམ་བཅུ་གསུམ་གྱིས་གྲུབ་ཡོད་ཅིང་། བརྗོད་བྱེད་ཀྱི་ཚིག་ཀྱང་བསྟན་བཅོས་ཀྱི་སྐད་དང་། ཡུལ་མི་རང་བཞིན་པའི་སྐད་ལ་བསྟུན་ཅི་ཐུབ་བྱས་ཡོད་ཅིང་གལ་སྲིད་ཡུལ་སྐད་སྤྱད་དགོས་བྱུང་བ་ལ་འགྲེལ་བཤད་ཟུར་མཆན་དང་བཅས་ཏེ་ཁ་གསལ་གོ་བདེ་བྱས་ཡོད་དོ།།       འཇིགས་མེད་བསམ་འགྲུབ། ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་མི་ཉག་རབ་སྒང་གི་ལྟེ་བ་མགར་ཐར་ཡུལ་དུ་སྐྱེས། སློབ་ཆུང་འགྲིམ་རྗེས་མི་ཉག་མགར་ཐར་བྱམས་པ་གླིང་ནས་དགོན་པའི་འདོན་ཆོས་སྤྱོད་ཀྱི་སྐོར་དང་བརྡ་སྤྲོད་ཡིག་གཟུགས་བསྡུས་གྲྭ་སོགས་ལ་སྦྱངས་པ་མི་དམན་པ་བྱས་ཤིང་།  དེའི་རྗེས་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་མཚན་ལྡན་བཤེས་གཉེན་མང་པོའི་མདུན་ནས་གཞུང་ཆེན་ཁག་གི་ཁྲིད་དང་དབང་ལུང་མན་ངག་རྒྱ་ཆེན་མནོས།  ༢༠༡༠ལོ་ནས་བཟུང་སེར་ཤུལ་དགོན་དུ་ཐུན་མོང་རིག་གནས་ཁྲིད་མཁན་ལ་བསྐོས་བཞག་བྱས་ཤིང་ཟུར་དུ་མཚན་ཉིད་ཀྱི་དཔེ་ཁྲིད་དགེ་རྒན་བྱས།  ༢༠༡༤ལོར་སེར་ཤུལ་དགོན་པའི་ལོ་རྒྱུས་དྭངས་གསལ་མེ་ལོང་དང་སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་རྣམ་ཐར་དད་པའི་མཛེས་རྒྱན་གཉིས་རྩོམ་སྒྲིག་བྱས་པ་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས།  ༢༠༡༩ལོར་གཞུང་ཆེན་བཀའ་པོད་ལྔ་སྦྱངས་མཐར་སོན་ནས་མཐོ་རིམ་རབ་འབྱམས་པའི་རྒྱུགས་སྤྲོད་ལེགས་པར་འཕྲོད་དེ་དགེ་བཤེས་ཀྱི་མཚན་གསོལ།
འབྲེལ་ཡོད་འོས་སྦྱོར།