༄༅། །མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་ལགས་ཀྱི《དཔྱད་རྩོམ་ཞོགས་པའི་སྐྱ་རེངས》ཞེས་པ་པར་དུ་བསྐྲུན།
རྩོམ་པ་པོ།:སྟོབས་ལྡན་དབང་ཕྱུག
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-10-13
ཀློག་གྲངས།:

རྒན་མཁའ་འབུམ་ལགས་ཀྱི་དཔྱད་རྩོམ་ཞོགས་པའི་སྐྱ་རེངས་ཞེས་བྱ་བ་འདི་ནི། ཁོང་གིས་མི་ཚེ་ཡུན་རིང་སློབ་ཁྲིད་ཁྲོད་དུ། སློབ་གྲོགས་ཚོས་ཅུང་ཟད་གོ་དཀའ་བའི་ནང་དོན་སྐོར་ཞིག་ལ་འགྲེལ་བཤད་ཀྱི་ཚུལ་དུ་བྲིས་པའི་རྩོམ་ཡིག་ཁོ་ན་ཡིན། ད་ཐེངས་སྔར་བྲིས་རྩོམ་ཡིག་ལས། མཁོ་ཆུང་སྙམ་པ་རྣམས་དོར་ཞིང་། དཀའ་བའི་གནས་རེ་ཟུང་བསྣན་ནས་བྲིས་པ་དཔེར་ན། སྡེབ་སྦྱོར་རིག་པའི་སྤྱི་བཤད་ལྟ་བུར་མཚོན་ན། སྡེབ་སྦྱོར་རིག་པ་ལས་ཅུང་ཟད་རྟོགས་དཀའ་བའི་ངོ་མཚར་རྟོགས་བྱེད་དྲུག་གི་ནང་དོན་རྣམས། སློབ་ཆུང་རྩིས་རིག་གི་རྩི་ཐབས་ལྟར་བཀལ་ཡོད་པས་དེ་མ་ཐག་ཏུ་རྟོགས་ཐུབ་ཅིང་། རྩི་ཐབས་དེ་དག་ཤེས་པའི་རྨང་གཞིའི་སྟེང་ཡང་བསྐྱར་ཚིགས་བཅད་ཀྱིས་བརྩམས་པའི་སྡེབ་སྦྱོར་གྱི་རྩ་ཚིག་ལ་བལྟས་ན་ཚེགས་མེད་པར་ཤེས་ཐུབ་པའི་དགེ་མཚན་ལྡན་ནོ། དེ་བཞིན་དུ་བརྡ་སྤྲོད་པའི་དཀའ་གནད་སྐོར་གྱི་དཔྱད་རྩོམ་དེ་དག་ཀྱང་གོ་སླ་བའི་ཆེད་དུ། ལ་ལ་སྤྱི་འགྲོས་ཀྱི་ཚུལ་དུ་བཀོད་པ་དང་། ལ་ལ་ཚིག་སྡུད་སྤངས་ཏེ་གོ་སླ་བའི་ཚིག་གིས་བརྩམས་ཡོད་པས་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །ཨ་མདོའི་དམངས་ཁྲོད་ཀྱི་གླུ་གཞས་སྐོར་གླེང་བ་ཞེས་པའི་རྩོམ་ཡིག་གི་ནང་དུ། ཨ་མདོ་གླུའི་བྱུང་བ་དང་དབྱེ་བ། ཁྱད་ཆོས་དང་ཕན་ནུས་ལ་སོགས་བརྗོད་པ་རྒྱ་མི་ཆེ་ནའང། ཨ་མདོའི་གླུའི་སྐོར་ལ་དཔྱད་རྩོམ་མེད་པའི་སྟོང་ཆ་ཁ་བསྐངས་པ་ཀུན་གྱི་སེམས་ན་ལྷན་ནོར་ཡོད་དོ། །དེབ་འདིའི་མཇུག་ཏུ། སུམ་རྟགས་སྡེབ་སྦྱོར་སོགས་ལས། བློ་ལ་བསྐྱར་དགོས་པའི་ནང་དོན་དྲི་བ་དྲིས་ལན་གྱི་རྣམ་པས་བཀོད་པ་དང་། མངོན་བརྗོད་ཀྱི་དྲི་བ་དྲིས་ལན་བརྒྱ་ཐམ་པ་བཞུགས་པ་དེ་ནི། སུ་ཏི་པཎ་ཆེན་གྱི་འགྱུར་མངོན་བརྗོད་འཆི་མེད་མཛོད་ལ་སློབ་སྦྱོང་བྱེད་པའི་དུས་སུ་ཟིན་བྲིས་བཏབ་པ་ཡིན་གསུངས། སློབ་མ་བདག་གི་ཆེད་ལས་ནི་རྩིས་འཁོར་ལས་བོད་ཡིག་མིན་ཡང་། སློབ་ཆེན་གྲ་སྒྲིག་འཛིན་གྲྭ་ནས་རྒན་ལགས་ཀྱི་བརྡ་སྤྲོད་སློབ་ཁྲིད་ལ་ཉན་ཐུབ་པ་བྱུང་བའི་ཁར། རྒན་ལགས་ཀྱི་རྩོམ་ཡིག་རེ་འགའ་ཡི་གེར་བཏགས་པ་དང་།
PPTསློབ་ཁྲིད་ཀྱི་བརྙན་བཟོ་བའི་སྐལ་བ་ལྡན་བྱུང་། དགེ་རྒན་གྱིས་ནམ་རྒྱུན་དཔེར་བརྗོད་འདི་སློབ་གྲོགས་ཚོས་ཧ་མ་གོ་ཐལ་བསྐྱར་དུ་བཟོ་དགོས་པའི་རྒྱུ་མཆན་སོགས་བཤད་བཤད་པའི་མཐར། རང་ལའང་རྩོམ་ཡིག་འདི་དག་ཅུང་ཟད་གོམས་པར་གྱུར་པས། ད་ཐེངས་ངས་དཔའ་ཁས་བླངས་ཀྱིས་རྒན་ལགས་ཀྱི་དཔེ་དེབ་འདི་ངོ་སྤྲོད་བྱས་པ་ཡིན་ལགས།