༄༅།།《བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད》་པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-10-14
ཀློག་གྲངས།:

རང་རེའི་ཤེས་རིག་འཕེལ་རྒྱས་ལ་བཀའ་དྲིན་བླ་ལྷག་ཆེ་བའི་ལོ་ཙཱ་པ་དང་མཁས་གྲུབ་བགྲང་གིས་མི་ལང་བ་བྱུང་བར་གསལ་ནའང་བོད་རང་ལ་སྔ་མོའི་དུས་ནས་རང་ཉིད་ཀྱི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ལྟ་ཚུལ་བཟུང་ནས་ཡིག་འཇོག་གི་སྲོལ་དར་མི་ཆེ་སྟབས། ལོ་པཎ་མཁས་གྲུབ་དག་གི་འཁྲུངས་འདས་ལོ་ཚིགས་སོགས་ཀྱང་གསལ་པོ་ཞིག་ཤེས་དཀའ་བར་བརྟེན། ད་རེས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་མི་ལོ་བཅུ་གྲངས་ལྷག་ལ་དཀའ་སྤྱད་རྡོ་རུས་བྱས་པའི་འབྲས་རྟགས་སུ། དེང་རབས་ཚིག་མཛོད་ཀྱི་ཁྱད་ཆོས་ལྟར། སྔོན་བྱོན་ལོ་པཎ་མཁས་གྲུབ་སྤྱི་དང་། ཁྱད་པར་དུ་བོད་རང་གི་དགོན་སྡེ་སོ་སོའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་ཐར་ཁ་གསལ་གོ་བདེ་སྒོས་བོད་བརྒྱུད་ནང་བསྟན་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཀུན་ལ་འཚོལ་བདེ་བར་བྱས་ཡོད་པས། མི་རིགས་དཔེ་སྐྲུན་ཁང་གིས་《བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་》ཅེས་པ་འདི་ཉིད་པར་སྐྲུན་བྱས་ཏེ་ཀུན་ཀྱི་སྤྱན་ལམ་དུ་ཕུལ་བ་འདི་ལགས་སོ།།