logo

དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་བརྩམས་པའི་«ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་»དང་«ཡི་གེ་རིག་པའི་ཁྲིད་ཡིག་རིག་འཕྲུལ་མིག་རྒྱན»ཞེས་པའི་དེབ་གཉིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:དེབ་འཕྲིན་འཕྲིན་སྟེགས། དུས་ཚོད།:2021-10-21 ཀློག་གྲངས།:
        བོད་ཀྱི་བརྡ་སྤྲོད་སྨྲ་བའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་བརྩམས་པའི་«ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་»དང་«ཡི་གེ་རིག་པའི་ཁྲིད་ཡིག་རིག་འཕྲུལ་མིག་རྒྱན»ཞེས་པའི་དེབ་གཉིས་2021ལོའི་ཟླ་10པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
        དེབ་འདི་གཉིས་ནི་ཉེ་བའི་དུས་སུ་འཛམ་བུ་གླིང་དུ་ཡི་གེ་རིག་པ་ཞེས་ཡན་གར་དུ་བྱེད་པའི་སྤྱི་ལུགས་དང་མཐུན་པའི་གཞུང་ལུགས་ཤིག་གསར་དུ་བྱས་ན། བོད་ཀྱི་སྐད་ཆ་དང་། བརྡ་སྤྲོད་དང་། མིང་བརྡ་དང་། ཚིག་སྦྱོར་དང་། ཡི་གེའི་རིག་པ་བཅས་ཀྱི་མ་ལག་ཆ་ཚང་བར་འགྱུར་བ་ལ་ཕན་ངེས་ཕྱིར། བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་ཅིག་ཇི་ལྟར་བྱེད་པའི་གླེང་སློང་གི་ཚུལ་དུ་བརྩམས་ཤིང་།ཡང་«ཡི་གེ་རིག་པའི་ཁྲིད་ཡིག་རིག་འཕྲུལ་མིག་རྒྱན»ནི་«བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་»གི་སློབ་ཁྲིད་ལྷན་ཐབས་ལྟ་བུར་བྱས་ཡོད།
        དེབ་འདི་གཉིས་ཀྱི་ནང་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་བོན་དང་བན་གྱི་ཆོས་ལུགས་ཆེན་པོ་གཉིས་ཀྱི་འཕེལ་རིམ་རིགས་པས་བསྡུར་ཅིང་། ཡི་གེ་ནི་གནའ་དུས་སུ་ཆོས་ལུགས་ཀྱི་རྗེས་སུ་འབྲངས་ཏེ་འཕེལ་བ་དང་། དེང་དུས་སུ་ཚན་རིག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་དར་བའི་གནས་ལུགས་ལ་ཡང་ཡང་དཔྱད་པའི་ཁར། འཛམ་བུ་གླིང་དུ་དར་བའི་ཡི་གེ་སོ་སོའི་རྒྱུན་དང་ལོ་རྒྱུས་རྣམས་གུང་བསྒྲིགས་ཤིང་། བོད་ཀྱི་བརྡ་སྤྲོད་དང་། ལོ་རྒྱུས། བསྟན་འབྱུང་སོགས་སུ་བྱུང་བའི་ཡི་གེའི་རིག་པ་ཐོར་རེ་བ་རྣམས་ཕྱོགས་སུ་བསྡུས་པ་དང་། གྲུབ་མཐའ་རིས་མེད་ཀྱི་མཁས་པས་མཛད་པའི་བོད་ཡིག་གི་བསྟན་བཅོས༡༠༠ལྷག་དང་། རྒྱ་ཡིག་ཏུ་བཀོད་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རིས་མེད་ཀྱིས་མཛད་པའི་བརྩམས་དེབ་༧༧ཙམ་ལ་ཞིབ་ཏུ་མཇལ་ནས། ལོ་རྒྱུས་བདེན་རྫུན་ཅི་རིགས་ཀྱི་རྐྱ་བཀར་བ་དང་། བཤད་ཡམས་མང་པོ་རིགས་པས་བརྡར་བ་དང་། ཡིག་རྒྱུན་གཅིག་ལས་བྱུང་བའི་ཡི་གེ་ཐ་དད་པའི་ཁྱད་ཆོས་ཞིབ་ཏུ་བསྡུར་པའི་མཐར། དཔེ་རིས་དང་རེའུ་མིག༡༡༠རིགས་པའི་དཔང་པོའི་དཔེར་མཚོན་དུ་བཀོད་དེ། བོད་ཀྱི་ཡུལ་དུ་དར་བའི་ཐ་གུའི་ཡི་གེ་དང་། ཞང་ཞུང་ཡི་གེ་དང་། ཐོན་མིའི་ཡི་གེ་གསུམ་གྱི་འབྱུང་རྐྱེན་དང་བྱུང་དུས། གྲུབ་ཚུལ་དང་སྦྱོར་བ། ཁྱད་ཆོས་དང་ཕན་ནུས་བཅས་བརྗོད་ཡོད་པར་མ་ཟད། ཐོན་མིའི་ཡི་གེ་དར་ཚུལ་ལ་དུས་རིམ་སྔ་ཕྱི་གཉིས་དང་། ཡི་གེ་འདི་ཉིད་ལས་བྱུང་བའི་ཡིག་གསར་གལ་ཆེ་བ་འགའ་ཞིག་ཀྱང་ངོ་སྤྲོད་བྱས་ཡོད།
རྩོམ་པ་པོའི་གཏམ།
        ཡི་གེ་འབྲི་ཀློག་གི་སྲོལ་དར་བ་ནས་ངག་ནས་བརྗོད་པའི་སྒྲ་ལྡན་གྱི་སྐད་ཆ་དག་ཡུལ་གྱི་ཆ་ལ་བསྐྱལ་ཞིང་། དུས་ཀྱི་ཆ་ལ་ཉར་བར་བྱེད་པའི་དབང་གིས། འགྲོ་བ་མི་རྣམས་ལ་བཀླག་བྱའི་རིག་གནས་དང་། བལྟ་བྱའི་གླེགས་བམ་བྱུང་བར་བརྟེན། མིའི་རིགས་ལ་ཤེས་རིག་དར་མ་དར་བའི་རྟགས་མཚན་གཙོ་བོའང་ཡི་གེ་དར་མ་དར་བ་ལ་བྱེད་ཅིང་། མི་ཡི་ཚོགས་པ་ཞིག་གིས་སྐད་ཆའི་བྱེ་བྲག་གང་ཡང་མི་བརྗོད་པ་ནམ་ཡང་མེད་མོད། སྐད་ཆ་ཡོད་ཚད་ཀུན་ལ་ཡི་གེ་ཡོད་པ་མ་ཡིན་ཞིང་། ཡི་གེ་ཡོད་ཀྱང་སྐད་ཆའི་སྒྲ་དང་དོན་གྱི་ཆ་གང་ཞིག་མཚོན་སྟངས་མི་འདྲ་ཡང་། སྐད་ཆ་ལ་ཡི་གེ་ཡོད་ན་སྐད་ཆ་དེའི་སྦྱོར་བ་ལ་དཔྱད་བདེ་ཞིང་། ངག་ཏུ་བརྒྱུད་པའི་རིག་གནས་ཐམས་ཅད་རེག་ཟིག་ཏུ་དགོད་རུང་བ་དང་། མི་རིགས་གཞན་ལ་དར་བའི་རིག་གནས་དག་ནང་དུ་འདྲེན་པར་བྱེད་སླ་བ་དང་། སྐད་ཆ་དེ་ལ་སྔར་མེད་པའི་མིང་བརྡ་གསར་པ་དག་བསྐྱེད་རུང་བ་སོགས་ཀྱི་རྐྱེན་པས། སྐད་ཆ་ལས་གཞན་དུ་མི་རྣམས་ཀྱིས་དབང་པོ་དང་ཡན་ལག་གི་ནུས་པ་ཆེ་རུ་བསྐྱེད་པའི་སླད་དུ་བྱས་པའི་གསར་གཏོད་ཀུན་ལས་ཆེས་བླ་ན་འཕགས་ཤིང་། ལག་ཆ་སོགས་གཞན་གང་གིས་ཀྱང་བསྒྲུན་དུ་ཡོད་པ་ནི་གང་ཡང་ཡོད་པ་མ་ཡིན་ཡང་། གནའ་དང་ད་ལྟའི་དུས་ལ་སྤྱོད་པའི་ཡི་གེ་ཐམས་ཅད་དུས་གཅིག་ལ་བྱུང་བ་མ་ཡིན་ལ། ཡི་གེ་ཡོད་ཚད་ཀྱི་ངོ་བོའང་གཅིག་མཚུངས་མ་ཡིན་པའི་ཁར། ཡི་གེ་དག་གི་སྦྱོར་བ་ལ་གཏན་སྲོལ་ཡོད་མེད་མི་འདྲ་བ་དང་།   སྐད་ཆའི་གཞུང་ལུགས་བྱེད་པོ་རྣམས་ཀྱིས་ཡི་གེ་ལ་བཅངས་པའི་བསམ་བློ་ལའང་ཁྱད་པར་ཡོད་ཕྱིར། དེང་རབས་སྐད་ཆ་རིག་པའི་སྲོལ་འབྱེད་པ་སུ་སུར་མཆོག་གིས་ཀྱང་ཡི་གེ་ནི་སྐད་ཆ་རིག་པའི་བཤད་བྱ་རུ་མ་བསྡུས་པའི་དབང་གིས། ཐ་ན་ཡི་གེ་དར་ཡུན་རིང་བའི་རྒྱ་ཡུལ་དུའང་དེང་རབས་ཀྱི་ཡི་གེ་རིག་པ་ནི། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མགོ་ཙམ་ལ་ད་གཟོད་གླེང་བསླངས་ཤིང་། ཉེ་བའི་བགྲང་བྱ་བཅུ་ཕྲག་འགའི་ནང་ལ་དར་རྒྱས་ཆེན་པོ་བྱུང་བ་རེད་ལ། རང་རེའི་བོད་ཀྱི་ཡུལ་དུ་ཡི་གེའི་བཤད་པ་ཞེས་པའི་མིང་གིས་བཏགས་པའི་བསྟན་བཅོས་མང་དུ་བྱུང་ཡང་། དེ་དག་ནི་ལུང་སྟོན་པ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་སུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པ་དང་། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཞེས་པ་སོགས་ཀྱིས་བསྟན་དོན་ལྟར། ཡི་གེའི་རྣམ་གཞག་ནི་མིང་དང་ཚིག་དང་བརྗོད་པ་དང་སྐབས་འབྲེལ་དུ་བསྟན་པ་མ་གཏོགས་པར། ཡི་གེ་ཁོལ་དུ་ཕྱུངས་ནས་རིག་པའི་རྣམ་གཞག་ཆ་ཚང་བ་ཞིག་མ་མཛད་པར་ད་རག་བར་དུ་ལུས་འདུག་པ་ལས། ཡི་གེ་འབྲི་ཀློག་གི་སྲོལ་བྱུང་བ་སྔ་ཞིང་། ཡི་གེའི་སྦྱོར་བ་ལ་གཏན་སྲོལ་ཆེ་བ། ཡི་གེའི་ཁམ་རིས་དང་རྟགས་ཀྱི་དབྱེ་བ་ལ་དམངས་བྱིངས་ཀྱི་འཚོ་བའི་གོམས་སྲོལ་མངོན་པར་གསལ་བའི་ད་ལྟ་སྤྱོད་མུས་ཀྱི་བོད་པའི་ཡི་གེ་འདི་དང་། འདིའི་གོང་རོལ་ཏུ་བྱུང་ཞིང་ནུབ་པར་གྱུར་པའི་སྒྲ་ཡངས་དོག་གི་ཡི་གེ་དངོས་བཏགས་ཅི་རིགས་ཀྱི་རིག་པ་རྣམས་ཕྱོགས་སུ་མ་བསྡུས་ཤིང་། གཞུང་ལུགས་སུ་མ་ཕབ་པར་བཏང་སྙོམས་སུ་བཞག་པ་ནི་ཤིན་ཏུ་མི་འོས་པའི་གནས་སུ་མཆིས་ན། རང་རེ་རྣམས་ལའང་དེང་རབས་ཀྱི་དུས་དང་མཐུན་ལ། འཛམ་གླིང་སྤྱི་ལུགས་ཀྱི་རྗེས་ཟིན་པའི་ཡི་གེའི་རིག་པ་ཞིག་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་ཏུ་གྲུབ་ཡོད་པས། ཁོ་བོ་ལ་སྐྱེས་སྦྱངས་གཉིས་ཀའི་ཡོན་ཏན་གྱིས་ཕོངས་ཤིང་། ཡི་གེའི་བྲིས་ལ་སྦྱངས་པ་གཏན་ནས་མེད་ན་ཡང་། རང་གི་རིགས་ལ་ཞེན་པ་རབ་ཏུ་དཀར་པོའི་ཀུན་སློང་གིས་དྲག་ཏུ་བདས་ཏེ། སྔོན་བྱོན་ཡབ་མེས་རྣམས་ཀྱི་བྱས་པ་དྲིན་དུ་ཤེས་པ་དང་། ལྷག་པར་འཇམ་དབྱངས་རྣམ་སྤྲུལ་སློབ་དཔོན་ཐོན་མི་སམྦྷོཊ་མཆོག་གི་བཀའ་དྲིན་སྙིང་ནས་དྲན་ཞིང་། དྲིན་ལན་རིག་པས་འཇལ་བའི་སླད་དུ་དེབ་ཆུང་འདི་ཉིད་འབྲི་བའི་དཀའ་བ་དང་དུ་བླངས་པ་ཡིན་ནོ། །རྒྱུ་མཚན་དེ་འདྲའི་དབང་གིས། ཁོ་བོས༢༠༠༧ལོ་ནས་ངེད་སློབ་གྲྭའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་རྣམས་ལ་བོད་ཀྱི་ཡི་གེ་རིག་པའི་སྤྱི་ཁོག་ཙམ་ཁྲིད་པར་བྱས་པ་དང་ཆབས་ཅིག །རང་དང་གཞན་གྱི་ཡིག་རིགས་སྣ་ཚོགས་སུ་བཀོད་པའི་ཡི་གེའི་སྐོར་གྱི་ཤེས་བྱ་མང་པོ་གོ་བསྡུར་ཅིང་། གཞུང་ལུགས་དག་གི་སྒྲོམ་གཞི་ལ་ཡང་ཡང་དཔྱད་པ་བཏང་བ་དང་། ལྷག་པར་རང་རེའི་ཡུལ་དུ་དར་བའི་སྒྲ་ཡངས་འཇུག་དང་དོག་འཇུག་གི་བརྡ་ཐབས་མང་པོ་ལས། ཡི་གེའི་ནུས་པ་དང་ཁྱད་ཆོས་ལྡན་པའི་བརྡ་རྟགས་ཀྱི་རིགས་ལ་ཡང་ཡང་དཔྱད་མུར། ༢༠༡༣ལོར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་གི་ལས་གཞི་ཞིག་བརྩོན་ལེན་བྱས་ཏེ། དེ་སྔར་བོད་དུ་དར་བའི་ཐ་གུའི་ཡི་གེ་དང་། ཞང་ཞུང་ཡི་གེ་དང་། ཐོན་མིའི་ཡི་གེ་གསུམ་གྱི་འབྱུང་རྐྱེན་དང་། དར་ཚུལ། གཟུགས་རིས། བཀོལ་སྤྱོད། རིན་ཐང་བཅས་ལ་ཞིབ་འཇུག་ཅུང་ཟད་བྱེད་པའི་ཞོར་ལ། གསར་དཔྱད་ཀྱི་རིག་པ་དེ་དག་དུས་ཐོག་ཏུ་སློབ་བུ་དོན་གཉེར་ཅན་རྣམས་ལ་ཁྲིད་པའི་དུས་ལ། གཅིག་ཏུ་ན་རིག་པ་འདི་ཉིད་གསར་པ་གསར་རྐྱང་དུ་སྣང་བ་དང་། གཉིས་སུ་ན་བཤད་བྱ་ཅུང་ཟད་དཀའ་བར་མཆིས་པ་དང་། གསུམ་དུ་ན་སློབ་ཐུན་གྱི་དུས་ཚོད་ཐུང་བ་སོགས་ཀྱི་རྐྱེན་པས། བློ་གསར་སློབ་བུ་རྣམས་ཀྱི་སྦྱངས་འབྲས་ཡིད་ཚིམ་པ་ཞིག་མ་བྱུང་བའི་དུས་ལ། སློབ་དེབ་ཀྱི་རྣམ་པ་ལྟར་གྱི་དེབ་ཆུང་འཁྱེར་བདེ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་ཡང་ཡང་ཡིད་ལ་ཤར་པའི་ངང་ལ། ༢༠༡༧ལོར་སློབ་གྲྭ་གཞུང་གིས་བཀོད་སྒྲིག་ལྟར། ཁོ་བོ་ལ་ཆིན་ཧྭ་སློབ་གྲྭ་ཆེན་མོའི་སྐུད་ཐོག་སློབ་ཁྲིད་སྟེགས་བུ་རུ་དངོས་གཞི་སློབ་མའི་ཆེད་ལས་དང་དམ་དུ་འབྲེལ་ཞིང་། རྒྱལ་ནང་དུ་ད་དུང་ཁྱབ་གདལ་དུ་མ་སོང་བའི་རིག་པ་གསར་པ་ཞིག་འཁྲིད་དགོས་པའི་བཀའ་བཀོད་གནངས་པ་བཞིན། བོད་ཀྱི་ཡི་གེ་རིག་པའི་སྤྱི་དོན་ཞེས་པ་ཞིག་ཁྲིད་ཁུལ་བགྱིས་པའི་ཚེ། སློབ་བུ་དོན་གཉེར་ཅན་རྣམས་ཀྱི་སློབ་དེབ་ཏུ་རུང་ཞིང་། སློབ་ཁྲིད་ཀྱི་བརྙན་རིས་དང་ཀུན་ནས་མཐུན་པའི་རེག་ཟིན་ཞིག་ཡོད་པར་བྱ་བའི་སླད་དུ། «ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་»དང་དེའི་སློབ་ཁྲིད་ཀྱི་ལྷན་ཐབས་«ཡི་གེ་རིག་པའི་ཁྲིད་ཡིག་རིག་འཕྲུལ་མིག་རྒྱན»ཞེས་པའི་དེབ་འདི་གཉིས་བརྩམས་ཁུལ་བྱས་པ་ལ། དཔྱད་པའི་དོན་ལ་གནད་དུ་འཁེལ་བའི་སྒྲུབ་བྱེད་ཀྱིས་ཕོངས་པ་དང་། གསར་དུ་བཏོན་པའི་རིག་པའི་གཏད་སོ་ལ་གཏན་ཚིགས་མ་གྲུབ་པ་དང་། རྗོད་བྱེད་ཚིག་གི་སྦྱོར་བ་ལ་ལྷུ་མི་འགྲིག་ཅིང་ཚགས་མི་དམ་པའང་སྣང་བར་མ་ཟད། ལྷག་པར་སློབ་ཁྲིད་ཀྱི་བརྙན་རིས་དང་ཀུན་ནས་བསྟུན་ཐབས་བྱ་ཕྱིར། ངག་ནས་ཇི་ལྟར་བཤད་པ་དེ་བཞིན་ཡི་གེར་ཕབ་པའི་རྐྱེན་ལས། ཁ་སྐད་ཀྱི་རྣམ་པ་ཧ་ཅང་གསལ་བའི་སྐྱོན་གྱི་ཕུང་པོར་གྲུབ་པ་སྨོས་མ་དགོས་པ་སོགས་ལ་ཡོ་བསྲང་གང་དགར་གནང་བར་ཞུ་ཞིང་། མཁས་པ་སྔ་མ་བཟང་། བསྟན་བཅོས་ཕྱི་མ་བཟང་། ཞེས་པའི་ཁ་དཔེ་ལྟར་གྱི་བསྟན་བཅོས་ལེགས་པོ་རེ་འདྲེན་པའི་གསོས་སུ་འགྱུར་བར་སྨོན་ནོ། །
རྩོམ་པ་པོ་ངོ་སྤྲོད། 
ལྕགས་ཐར་རྒྱལ། མཚོ་སྔོན་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གཅིག་ལྕོགས་སུ་འཁུར་ཞིང་། རྒྱལ་ཁབ་རིམ་པའི་དགེ་རྒན་སྐད་གྲགས་ཅན་དང་། རྒྱལ་ཡོངས་དགེ་འོས་སློབ་གྲྭ་ཆེན་མོའི་སྤྱོད་ལེགས་དགེ་རྒན་སོགས་ཀྱི་གྲས་སུ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བ་ཕུལ་བྱུང་ཅན་དང་། དགེ་རྒན་ཕུལ་བྱུང་བའི་མཚན་སྙན་ཡང་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་ཚོགས་འདུ་སྐབས་དགུ་པའི་འཐུས་མིའི་འགན་ཡང་ཁུར་མྱོང་ལ། སྔ་ཕྱིར་བྱ་དགའ་ཆེ་ཆུང་45ཐོབ་པ་དང་། ད་ལྟར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་། གླིང་སྤྱི་གཞོན་པ། མཚོ་སྔོན་ནང་བསྟན་སློབ་གླིང་གི་ཟུར་བཞེས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་མང་པོ་གཅིག་ལྕོགས་སུ་འཁུར་མུར། རྒྱལ་ཁབ་རིམ་པའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་ཚད་གཞི་གཏན་ལ་ཕབ་ཅིང་། འཁོར་སྐར་དྲྭ་ལམ་ཀྱི་བོད་སྐད་ཀྱི་སློབ་ཚན་ཐོག་མབོད་ཀྱི་ཡི་གེ་རིག་པའི་སྤྱི་དོནཞེས་པ་གསར་དུ་སྤེལ་བ་དང་། སྔ་ཕྱིར་ཞིང་ཆེན་རིམ་པ་ཡན་གྱི་རིག་གཞུང་ཞིབ་འཇུག་གི་ལས་གཞི་ཆེན་མོ6བསྒྲུབས་པ་དང། རིག་གཞུང་དཔྱད་རྩོམ53སྤེལ་བ་དང་། དཔེ་དེབ14གསར་དུ་སྤེལ་པ་ལས། བརྩམས་ཆོས6ལ་ཞིང་ཆེན་ཡན་གྱི་བྱ་དགའ་ཐོབ་ཅིང་། ལྷག་པརབོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེངཞེས་པ་ལ་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་གི་ཞིབ་འཇུག་ཆེད་རྩོམ་རིགས་ཀྱི་ཨང་དང་པོ་ཐོབ་པའོ། །
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
རྩོམ་སྒྲིག་པ། ཤེར་དོན།
2021.10.1
འབྲེལ་ཡོད་འོས་སྦྱོར།