logo

«ཉིན་ཐོ་བརྒྱ་རྩ་བརྒྱད»པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2021-11-18 ཀློག་གྲངས།:
        ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་འཕགས་པ་ཚེ་རིང་གིས་བསྒྲིགས་པའི་«ཉིན་ཐོ་བརྒྱ་རྩ་བརྒྱད»ཅེས་པའི་སློབ་ཆུང་སློབ་མའི་ཉིན་ཐོ་ཕྱོགས་བསྡུས་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
        ད་རེས་མཐའ་མཇུག་གི་དག་ཞིང་ལྟ་བུའི་བསང་གཞུང་ནོར་འཛིན་གྱི་ཐིག་ལེ་འདི་ནས་མེ་ཏོག་དང་འཇའ་ཚོན། སྦྲ་ནག་དང་སྤྲིན་དཀར་གྱིས་རུམ་པའི་བྱིས་པ་འདི་དག་གི་ལས་བྱའི་ཉིན་ཐོ་དག་སློབ་གྲྭའི་འགན་བབས་ཁ་གྲངས་ལོངས་ཚུན་ཆད་ནས་གད་སྙིགས་སུ་འཕེན་པ་ནི་ཁོ་ཚོའི་འོད་དུ་འཚེར་བའི་རྣམ་ཤེས་ཀྱི་སྐར་ཕྲན་རེ་རེ་འཕེན་པ་དང་ཀུན་ནས་མཚུངས་པས་དོན་གྱི་སྙིང་བོ་ཆུང་ལ་ཡིད་ནས་མ་བཟོད་པ་དང་གཅིག གཉིས་ནས་ཁོ་ཚོའི་ལྷད་མེད་དྭངས་གཙང་གི་བྱིས་པའི་ལོ་ཟླ་ལ་ཕྱིར་དྲན་དང་རྒྱང་ལྟ་བྱ་བར་དྭངས་གསལ་གྱི་མེ་ལོང་ཞིག་སྤྲོད་པ། མེ་ལོང་དེ་ལས་རང་ཉིད་ཀྱི་ཡིད་ཆེས་དཔའ་གདེང་རྙེད་ཐུབ་པ་བྱ་རྒྱུ། གསུམ་ནས་འབྲོག་ཕྲུག་འདི་དག་གི་རྡོ་ཡི་རྩེད་ཁང་། འདམ་བག་གི་བྱིས་པ། ལྕང་མའི་རྟ་ཕོ་སོགས་ནི་ནམ་ཞིག་འཇིག་ཅིང་རལ་བའི་སྐབས་དེར། ཁོ་ཚོར་ད་དུང་ལོ་ཟླའི་གཙང་བོའི་ངོས་སུ་ཉམས་པ་མེད་པའི་ཡི་གེའི་རྩེད་འཇོ་ཞིག་ཡོད་པ། བཞི་ནས་གྲོང་ཁྱེར་གྱི་ཨར་ཁང་ནང་དུ་མེ་ཏོག་རློན་པ་ཞིག་ལྟར་ཕ་མས་ལག་ཟུང་གིས་སྐྱོར་བའི་གཅེས་ཕྲུག་དེ་དག་གིས་རྩྭ་ཐང་གི་འབྲོག་ཕྲུག་ཚོའི་ལུས་སེམས་གཉིས་ཀྱི་འགྱུར་བ་ལ་རྒྱུས་ལོན་བྱ་བར་ཕན་རེ་ཐོགས་པ་སོགས་ལ་དམིགས་ནས་འཛིན་གྲྭའི་ལོ་རིམ་གསུམ་པ་ནས་བཞི་བའི་མགོ་ཙམ་གྱི་ཉིན་ཐོ་བརྒྱ་དང་བརྒྱད་ལ་ཚིག་སྦྱོར་གྱི་དག་བཅོས་གང་ལེགས་བྱས་པ་བརྒྱུད་དེབ་ཏུ་བསྐྲུན་པ་དང་། སྤྱིར་བྱིས་པའི་ཉིན་ཐོའི་ནང་དུ་བྱིས་པའི་གསང་བ་ཡོད་པས་ཕྱིར་སྟོན་ཆོག་ཆོག་ཅིག་ག་ལ་ཡིན་མོད་འདིར་ཁོ་ཚོའི་འདོད་བློ་བཞིན་བདམས་པ་ཤ་སྟག་ཡིན་ནོ།། 
ཉིན་ཐོ་བརྒྱ་རྩ་བརྒྱད་ཅེས་པ་བཀླགས་པའི་མྱོང་ཚོར་ཐན་ཐུན།
        ༡ སློབ་ཆུང་སློབ་མར་མཚོན་ན་ཉིན་ཐོ་འབྲི་བ་ནི་ཡིག་རྩལ་སྦྱོང་བའི་ཐབས་ལམ་ཡག་པོ་ཞིག་ཡིན་པར་མ་ཟད་དུས་རྒྱུན་གྱི་སྤྱོད་ལམ་དང་འབྲེལ་བའི་རིག་པའི་སྦྱོང་བརྡར་ཞིག་ཡིན། «ཉིན་ཐོ་བརྒྱ་རྩ་བརྒྱད»ནང་གི་ཉིན་ཐོ་དག་གིས་བྱིས་པའི་དྲན་སྣང་རྒོད་པོ་མི་དར་མ་ཚོས་བསམ་མི་ཐུབ་པ་དག་ཚིག་གི་ཕྲེང་བ་སྟབས་བདེ་བར་བཀོད་པས་བོད་ཀྱི་བྱིས་རྩོམ་ཀློག་པར་སྤྲོ་བ་དག་གི་ཡིད་ཀྱི་གསོས་སུ་འགྱུར་ངེས་སྙམ། 
སྐྱབས་ཆེན་བདེ་གྲོལ་གྱིས། ༼བོད་ཀྱི་སྙན་ངག་པ་གྲགས་ཅན།༽
        ༢ གསེར་གྱི་དབྱངས་གསལ་གྱིས་བརྒྱན་པའི་ཉིན་རེའི་ཐོ་ཡིག་འདི། སྐྱེ་དངོས་ཡོད་རྒུར་གསོན་ཤུགས་རྒྱས་པའི་རེ་བའི་དཔྱིད་ཀ་ཞིག་དང་། མེ་ཏོག་སྡུག་གུར་བཀྲ་བའི་སྐྱིད་པའི་དབྱར་ཁ་ཞིག འབྲས་བུ་གཡུར་དུ་ཟ་བའི་དོན་གྱི་སྟོན་ཁ་ཞིག་དང་། ས་གཞི་ཁ་བས་གཡོགས་པའི་སེམས་ཀྱི་དགུན་ཁ་ཞིག་ཡིན། རིག་པའི་བུ་དང་། རིག་པའི་བུ་མོ་ལགས། དབྱངས་གསལ་སོ་བཞི་ནི། དགུང་སྔོན་པོ་འདྲ་བའི་ཡབ་ཆེན་པོ་དང་། ས་ཡངས་མོ་ལྟ་བུའི་ཡུམ་ཆེན་མོ་སྟེ། སྣང་སྲིད་ཡོད་རྒུའི་བདག་ཉིད་དོ། །
རྡོ་རྗེ་ཚེ་རིང་གིས། ༼ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན།༽
        ༣ སྙིང་ལ་སིམ་པའི་ཡིག་འབྲུ་རེ་རེ། ཡིད་དུ་འོང་བའི་སྙན་ངག་འདྲ། དེ་ནི་འཚོ་བའི་གཏིང་ལས་འབུས་པའི་མྱུ་གུ་དང་། མི་ཚེའི་དབུ་ཁྱུད་བསྒྲིགས་པའི་དྲི་མ་ཡིན། 
མདོ་སྨད་ཧེ་རུ་ཀས། ༼ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན།༽
        ༤ མངོན་སུམ་གྱི་འུར་ཟིང་སྒྲོལ་བྱེད་ཉག་གཅིག་ནི། བྱིས་སྒྲུང་མ་ཡིན་ནམ། ནད་པ་ཚོ།
མདའ་བཙན་པོ། ༼བོད་ཀྱི་སྙན་ངག་པ་གྲགས་ཅན།༽
        ༥ ཉིན་རེའི་འུར་ཟིང་རྣམ་པར་རྒོད་པའི་འཚོ་བ་རེ་ཞིག་མཇུག་བསྡུས་ཏེ། རང་སེམས་ཁོ་ནར་དབང་བའི་གནས་སྐབས་སུ་ཉིན་ཐོ་འདི་དག་སེམས་ཀྱིས་བཀླགས་ཙ་ན། རང་ཉིད་ཀྱིས་སྔ་ས་ནས་བོར་ཟིན་པའི་བྱིས་བློའི་དག་གཙང་གི་འཇིག་རྟེན་ནས་ནང་སེམས་ལ་སླར་ཡང་དབུགས་དབྱུང་ལན་གཅིག་གི་དངོས་གྲུབ་ཐོབ་བྱུང་། 
སྒྲོལ་དཀར་ཚེ་རིང་གིས། ༼བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ།༽
        ༦ བྱིས་པ་ཆུང་ཆུང་ལོ་ན་བརྒྱད་དགུ་ཅན་འདི་དག་གི་ཉིན་ཐོའི་ཁྲོད་ནས་ངས་རང་གི་བྱིས་དུས་མཐོང་ཡོང་ལ། འཆར་ཡན་གྱིས་ཕྱུག་ཅིང་རང་དབང་གིས་འགྱུ་བ། རྒོད་ཅིང་འཕྱོ་བ། རྣོ་ཞིང་མྱུར་བའི་དྲན་རིག་དང་སེམས་གཤིས་ཁྱད་པར་བ་སྣ་ཚོགས་ཚོགས་ཤིག་མྱོང་ཞིང་མྱོང་བཞིན། ངས་མེས་པོ་ཚོའི་སྐད་དུ“བུ་ཆུང་ཁོག་པ་སངས་རྒྱས”ཞེས་པའི་ཚིག་དུམ་དེ་ལ་ཡང་ཡང་འདང་རྒྱག་དགོས་སོང་།  
རྡོག་སྒྲས། ༼བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ།༽
        ༧ ངས་ལྗན་ལྗིན་གྱིས་མ་སྦགས་པའི་བྱིས་བློའི་མཚར་སྣང་གི་འཇིག་རྟེན་འདི་མཐོང་རྗེས། སྡིག་སྒྲིབ་ཕོག་པའི་རང་སེམས་ཀྱི་ཉེས་དམིགས་ལ་དག་ཁྲུས་ཐེངས་གཅིག་བྱས་པའི་སྣང་བ་ཤར། རྩོམ་རིག་གི་རྣམ་དཔྱོད་ཟེར་ཡང་འདི་ལས་མེད་སྙམ། 
ལྗགས་མདས། ༼སློབ་ཆུང་དགེ་རྒན།༽
འབྲེལ་ཡོད་འོས་སྦྱོར།