logo

༄༅། །བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་ཕྱོགས་བསྒྲིགས་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། དུས་ཚོད།:2021-11-19 ཀློག་གྲངས།:
༄༅། །བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་ཕྱོགས་བསྒྲིགས་འཆི་མེད་བདུད་རྩིའི་བུམ་བཟང་།
ནང་དོན་ངོ་སྤྲོད་མདོར་བསྡུས།
        གསོ་བ་རིག་པ་སྤྱི་དང་བྱེ་བྲག་ཏུ་དམ་པའི་ཆོས་དཔལ་ལྡན་སྨན་གྱི་རྒྱུད་བཞིའི་ཆོས་བྱུང་ཚུལ་དྲི་མེད་བཻཌཱུརྱའི་མེ་ལོང་ལྟ་བུ་ཆོས་འབྱུང་ལོ་རྒྱུས་ཀྱི་སྐོར་དང་། པཎ་ཆེན་ན་བཟའ་པས་མཛད་པའི་བེའུ་བུམ་བློ་རྨོངས་སེལ་བྱེད་དགོས་འདོད་ཀུན་འབྱུང་དཀར་ཆག་དང་བཅས་པ་དང་། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་རྒྱུན་ལྟ་བུ་རྫས་དང་སྔགས་ལ་བརྟེན་ནས་བཅོས་ཐབས། གསོ་རིག་གཞི་ལམ་འབྲས་བུའི་རྣམ་གཞག་ལ་དཔྱད་པའི་དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་བ་དང་། གསོ་བ་རིག་པ་ལ་འཇུག་པའི་རྩོད་སྤོང་ལྟ་བུ་དགག་བཞག་གི་སྐོར། སྲིད་གསུམ་གཙུག་རྒྱན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་ལུང་དངུལ་ཆུ་བཙོ་ཆེན་དང་རིན་ཆེན་རིལ་བུའི་སྦྱོར་སྡེ་ཟླ་བ་བདུད་རྩིའི་ཐིག་ལེ་དང་། བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་ཏུ་བསྒྱུར་བའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད། རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཟླ་ཤེལ་རིལ་བུའི་སྦྱོར་བ་དྲང་སྲོང་རྒྱུན་ཤེས་ཀྱི་ལུགས་ཁོལ་དུ་ཕྱུངས་པ། རིན་པོ་ཆེའི་སྦྱོར་བའི་གཙོ་བོ་བདུད་རྩི་བཅུད་རྒྱལ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་སྙིང་པོར་དྲིལ་པ་ཕན་བདེའི་གཏེར་མཛོད་ལྟ་བུ་སྨན་གྱི་སྦྱོར་སྡེའི་སྐོར། དྲང་སྲོང་གི་ནད་འཆོས་པའི་སྨན་དཔྱད་གསོ་བ་རིག་པའི་རིན་ཆེན་སྣ་བདུན་དང་། ཁ་ནད་གསོ་བའི་ཟིན་ཏིག སྨན་གཞུང་ཁུངས་མ་རྣམས་ལས་ནད་ཀྱི་རྟགས་བཅོས་སོགས་ཐོར་བུར་འབྱུང་བ་ཕྱོགས་གཅིག་ཏུ་བསྒྲིགས་པ་གཅེས་བསྡུས་སྙིང་ནོར།
        དེ་མིན་རླུང་མཛོད་ཡིད་བཞིན་ནོར་བུ་གསོ་བ་རིག་པའི་འཕྲུལ་འཁོར། སློབ་དཔོན་ལགས་ཀྱི་ཕྱག་ལེན་མན་ངག་སྨན་སྦྱོར་འཆི་མེད་བདུད་རྩི་དགོས་པ་ཀུན་འབྱུང་སོགས་ཉེར་མཁོའི་ལག་ལེན་སྣ་ཚོགས་པའི་སྐོར། མན་ངག་གསང་བའི་སྒྲོམ་ཚིག་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་ལས་སྨན་གྱིས་སྦྱོར་ཐབས་ལག་ལེན་མཁའ་འགྲོའི་སྙིང་ཁྲག་དང་། མན་རྒྱུད་ལྷན་ཐབས་གསང་བའི་གབ་ཚིག་བདུད་རྩི་གཏེར་ཆེན་བུམ་པ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད། གཡུ་ཐོག་སྙིང་ཐིག་གི་ལས་སྦྱང་དཔག་བསམ་ལྗོན་ཤིང་ལྟ་བུ་ཤིན་ཏུ་ཟབ་པའི་མན་ངག་གི་སྐོར། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་རྒྱུད་ཀྱི་གཞུང་དང་འགྲེལ་བ་མུན་སེལ་སྒྲོན་མེ། དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་མན་ངག་བྱེ་བ་རིང་བསྲེལ། འཚོ་བྱེད་ལས་དང་པོ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་བར་བཏུས་པ་བདུད་རྩིའི་ཐིགས་པ་ལྟ་བུ་རིག་པའི་གཞུང་ལུགས་དང་དགོངས་འགྲེལ་གྱི་སྐོར་སོགས་ལུང་རིགས་མན་ངག་གིས་གྲུང་ཅིང་། ཉམས་མྱོང་ལག་ལེན་གྱིས་ཕྱུག་པའི་དཔེ་རྙིང་རྩ་ཆེན་འདི་དག་ལ་གཅིག་ན་ཡིག་གཟུགས་མི་གཅིག་པའི་སྒྱུ་རྩལ་ཁྱད་ཆོས་དང་། དུས་རབས་རིམ་པའི་མིང་བརྡ་ཐ་སྙད་དང་ཡི་གེའི་དག་ཐོབ་མི་གཅིག་པས་སྐད་ཡིག་ཞིབ་འཇུག་གི་རིན་ཐང་། ཁྱད་པར་དཔེ་ཆ་ལ་ལ་ཞིག་ཞིབ་འཇུག་པ་དང་ཀློག་པ་པོ་སུས་ཀྱང་མཇལ་མ་མྱོང་ཞིང་། ཚེ་ཡི་རིག་བྱེད་འཛིན་པ་རྣམས་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་རིགས་སུ་ངེས་སོ། །
འབྲེལ་ཡོད་འོས་སྦྱོར།