logo

མཚོ་སྔོན་ནས་གེ་སར་སྒྲུང་ཡིག་གསར་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-23 ཀློག་གྲངས།:
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེ་སར་སྒྲུང་རབས་ཆེན་མོའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དམངས་ཁྲོད་དུ་ཁྱབ་པའི་སྒྲུང་རྙིང་དང་སྒྲུང་པའི་སྒྲུང་ཡིག་མྱུར་སྐྱོབ་དང་སྔོག་འདོན། འཚོལ་སྡུད་དང་ལེགས་སྒྲིག དཔེ་སྐྲུན་དང་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་ཧུར་ཐག་སྒོས་སྐུལ་འདེད་བྱས་ཤིང་། རོང་འབྲོག་མང་ཚོགས་ཁྲོད་དུ་ཡུལ་དངོས་བརྟག་དཔྱད་བྱས་ཏེ་གསར་རྙེད་བྱུང་པའི་དམངས་ཁྲོད་ཀྱི་སྒྲུང་དཔེ་རྙིང་པ་དང་སྒྲུང་པའི་སྒྲུང་ཡིག་ལས་སྒྲུང་དེབ་ལྔ་དག་སྒྲིག་བརྒྱུད་དེ་ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
སྲིན་གླིང་གདུལ་འགྱེད།
འབྲུ་སྲས་བྱང་རོང་བཙན་པོ།
        རྒྱུས་ལོན་པ་ལྟར་ན། མི་སེམས་གཡོ་བར་བྱེད་པའི་སྒྲུང་རབས་རླབས་པོ་ཆེ་སྟེ། 2020ལོར་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་གེ་སར་སྒྲུང་གི་དཔེ་ཚོགས་འདི་ནི་རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་གྱི་རོགས་སྐྱོར་ལས་གཞི་ཞིག་རེད། དཔེ་ཚོགས་དེ་ནི་ཁམས་སྟག་ཤམ་ཚང་གིས་ཕབ་ཅིང་ལྷོ་པ་འགྱུར་མེད་རྡོ་རྗེས་དག་སྒྲིག་བྱས་པའི«ཧོར་འདུལ་གནམ་ལྕགས་རལ་གྲི»དང་། པད་མ་དངོས་གྲུབ་ཀྱིས་ཕབ་ཅིང་སྙིང་བོ་ཚེ་རིང་གིས་དག་སྒྲིག་བྱས་པའི«བྱང་ཨ་བསེ་སྲིན་མོའི་འདྲེ་རྫོང་» བསྟན་འཛིན་གྲགས་པས་ཕབ་ཅིང་བསོད་རྒྱལ་འབུམ་གྱིས་དག་སྒྲིག་བྱས་པའི«འབྲུ་སྲས་བྱང་རོང་བཙན་པོ» ཐུབ་བསྟན་གྱིས་ཕབ་ཅིང་དབང་མོ་མཚོས་དག་སྒྲིག་བྱས་པའི«སྲིན་གླིང་གཡུལ་འགྱེད» སྙན་གྲགས་ཀྱིས་ཕབ་ཅིང་དབང་ཆེན་ཚེ་རིང་གིས་དག་སྒྲིག་བྱས་པའི«དམུ་གླིང་གཡུལ་འཁྲུག་ཆེན་མོ»བཅས་སྒྲུང་དེབ་ལྔ་ལས་གྲུབ་པ་དང་། བསྡོམས་པའི་ཡིག་འབྲུ་ཁྲི114ཡོད་པ་རེད། 
ཧོར་འདུལ་གནམ་ལྕགས་རལ་གྲི།
དམུ་གླིང་གཡུལ་འཁྲུག་ཆེན་མོ།
        མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོ་ནས་བཟུང་འཆར་གཞི་ཡོད་པ་དང་མ་ལག་ལྡན་པའི་སྒོ་ནས་གེ་སར་སྒྲུང་ཡིག་མྱུར་སྐྱོབ་དང་སྔོག་འདོན། ཟིན་བྲིས་དང་དག་སྒྲིག ཡིག་སྒྱུར་དང་དཔེ་སྐྲུན་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབས་ཤིང་། མིག་སྔའི་བར་དུ་སྒྲུང་དཔེ་ལག་བྲིས་མ་དང་། ཤིང་དཔར་མ། སྒྲུང་པའི་སྒྲུང་ཡིག་སོགས་དེབ80ལྷག་འཚོལ་སྡུད་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་སྒྲུང་པའི་སྒྲུང་དེབ60ལྷག་ལེགས་སྒྲིག་དཔེ་སྐྲུན་བྱས། གླིང་གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས་ཀྱི་དེབ10རྩོམ་སྒྲིག་དཔེ་སྐྲུན་བྱས། སྒྲུང་དཔེ18ཡིག་སྒྱུར་དཔེ་སྐྲུན་སོགས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་འདུག 
བྱང་ཨ་བསྲེ་སྲིན་མོའི་འདྲེ་རྫོང་།
        དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་བརྒྱུད་དེ་དམངས་ཁྲོད་ཀྱི་གེ་སར་སྒྲུང་པ་དང་སྒྲུང་ཡིག་སྲུང་སྐྱོབ་བྱེད་པ། རྣམ་པ་གསོན་པོའི་ཚུལ་དུ་གནས་པའི་སྒྲུང་རབས་ཆེན་མོར་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་། ལེགས་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་བྱེད་པ། དེ་བཞིན་དུ་གེ་སར་སྒྲུང་གི་ནང་དོན་ཕུན་སུམ་ཇེ་ཚོགས་གཏོང་བ་སོགས་ཀྱི་ཐད་ལ་སྐུལ་འདེད་བརྟན་པོ་ཡོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
ཆབ་འགག་ཇོ་རུ་ཡིས་བྲིས། 
འབྲེལ་ཡོད་འོས་སྦྱོར།